R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༠༣
[A:༤༠༣]དུ། །འགྱུར་བ་མི་སྲིད་ཅེས་བདེན་ནམ། །གཞན་དུ་རྒྱལ་ཀུན་འདུས་པའི་ཞལ། །གཟིགས་པས་མཁྱེན་རབ་རྒྱས་འདི་ཅི། །ལྷ་སྲས་གཙུག་གི་རིགས་བདག་ཏུ། །ས་སྐྱོང་ལུང་གིས་མངའ་གསོལ་ཏེ། །རྡོ་རྗེའི་སྔགས་ཀྱི་ཆོ་ག་ཡིས། །མངོན་འདོད་རེ་བའི་ཤིང་རྟ་བཀང༌། །ལས་ཀྱི་འབྱུང་འགྱུར་མཁྱེན་པ་ནི། །ཚེམས་དཀར་འོད་ཀྱིས་འགྲེམས་པ་བཞིན། །འགྲོ་བའི་བློ་མུན་ཀུན་བསལ་བས། །མཁས་དང་རྨོངས་པའི་ཁྱད་པར་བྱེ། །ཟབ་གསང་སྔགས་ཀྱི་སྨིན་གྲོལ་དང༌། །ཐ་སྙད་སྒྲ་ཡི་བསྟན་བཅོས་སོགས། །རྣམ་དཔྱོད་བློ་ཡི་བང་མཛོད་དུ། །བཅུག་པས་ཤེས་རབ་ནོར་གྱིས་ཕྱུག །མོས་པའི་རྫིང་བུ་དང་འཚམས་པར། །ཆོས་ཀྱི་ཟླ་སྣང་འབུམ་སྤྲོས་པས། །འཁོར་བའི་རབ་རིབ་ཀུན་བསལ་ཏེ། །རྣམ་གྲོལ་ཀུ་མུད་རྒྱས་པར་མཛད།། །།གསུམ་པ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་དགོངས་པ་རྫོགས་པའི་སླད་དུ་དབུས་གཙང་དག་པའི་ཞིང་དུ་བསྙེན་བཀུར་རྒྱ་ཆེར་བསྟབས་པ་དང་ཉན་བཤད་སྒོམ་གསུམ་ཇི་ལྟར་མཛད་པའི་ཚུལ་ནི་འདི་ལྟར་རྗེས་སུ་ཐོས་ཏེ། རྗེ་འདི་དགུང་གྲངས་སོ་གཅིག་པ་ས་ཡོས་ཧོར་ཟླ་བཅུ་གཅིག་པའི་ནང་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་དབོན་པོ་སྟོད་དུ་བད་ཀན་སྐྱ་རྦབ་ཀྱིས་བསྙུན་ཚུལ་བཞེས་ཤིང༌། སླར་ཧོར་ཟླ་བཅུ་གཉིས་པའི་ནང་ཅུང་ཟད་སྐུ་ཁམས་དྭངས་ཚུལ་བསྟན་ནས་ལྷུན་གྲུབ་སྟེང་དུ་ཕེབས། སྐུ་རིམ་སྨན་དཔྱད་སོགས་ལ་ཐུགས་འདུན་མི་མཛད་པར་འདུག་ནའང་རྗེ་འདིས་གོང་དུ་ཁུ་བོ་མཁན་ཆེན་དེ་ཉིད་ཀྱི་རྣམ་ཐར་དུ་གསལ་བ་ལྟར་གྱི་ཞབས་བརྟན་གྱི་རིགས་ཤིན་ཏུ་རྒྱ་ཆེ་བར་བསྒྲུབས། གཞན་ཡང་དེ་སྐབས་སུ་རྗེ་འདིས་དྲུག་འདུའི་དབུ་བཞུགས་རྣམས་ཀྱང་མཛད། སླར་ཡང་རིམ་གྱིས་སྐུ་ཁམས་ཇེ་ཉོག་ཏུ་སོང་ཞིང་ཡུན་རིང་མི་བཞུགས་པར་ཞལ་གྱིས་བཞེས་པར་བརྟེན། རྗེ་འདིའི་