R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༠༤
[A:༤༠༤]ཐུགས་ལའང་ད་ནི་འཇིག་རྟེན་ན་སྨྲ་བའི་ཉི་མ་ནུབ་པར་འགྱུར་རོ་སྙམ་པའི་ཐུགས་འགྱོད་ཤིན་ཏུ་ཆེ་བར་གྱུར་ནའང་ཁུ་བོ་མཁན་ཆེན་དེ་ཉིད་ཀྱི་ཞལ་སྔ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ན། གཞན་ལ་མི་རྟག་པར་བྱུང་བ་ལྟ་ཅི་སྨོས་ཞེས་བྱ་བ་ལ་སོགས་པའི་བཀའ་སྩལ་ཕེབས་པ་དང༌། བླ་མའི་བྱིན་རླབས་ཀྱིས་ཐུགས་ཀྱི་མྱ་ངན་ཀྱང་རིམ་གྱིས་བསལ་བར་གྱུར་ལ། དེ་སྐབས་ཀུན་ཏུ་ཉིན་མཚན་བར་མ་ཆད་པར་བླ་མའི་ཞབས་ཏོག་འབའ་ཞིག་མཛད་པས། སྡིག་པ་དག་པའི་རྟགས་ནམ་མཁའ་ལ་འཕུར་བ་ལ་སོགས་པའི་རྨི་ལྟས་ཀྱང་མང་དུ་བྱུང་གསུངས༌། དེ་ནས་རྗེ་འདི་དགུང་གྲངས་སོ་གཉིས་སུ་ཕེབས་པ་ལྕགས་འབྲུག་ཧོར་ཟླ་དང་པོའི་ཚེས་བཅུ་དགུའི་ཉིན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་པ་ཏོག་དཀར་པོ་དགའ་ལྡན་གྱི་ཡུལ་ནས་ཛམྦུའི་གླིང་དུ་འཕོ་བར་བརྩམས་པ་ན། རང་གི་ཅོད་པན་རྗེ་བཙུན་མ་ཕམ་པའི་དབུར་བཅིངས་ཏེ་ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་བ་དང༌། འཇམ་མགོན་ས་པཎྜི་ཏ་ཆེན་པོ་ཞི་བར་གཤེགས་པའི་ཚེའང༌། ཆོས་ཀྱི་དུང་དང་ལྷུང་བཟེད་ལ་སོགས་པ་འཕགས་པ་རིན་པོ་ཆེ་ལ་སྩལ་ཏེ་ད་ནི་ཁྱོད་ཀྱིས་བསྟན་པའི་བྱ་བ་དང༌། སེམས་ཅན་དཔག་ཏུ་མེད་པའི་དོན་བྱ་བའི་དུས་ལ་བབ་པས་སྔོན་གྱི་དམ་བཅས་པ་དྲན་པར་གྱིས་ཤིག །ཅེས་བཀའ་སྩལ་ཏེ་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་གསོལ་བ་སོགས་དང་ཚུལ་མཚུངས་པར། ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་སྐུ་སྲུང་རྭ་ལོའི་མགུལ་ཕུར་དུ་གྲགས་པ་དང༌། རྟེན་སྒམ་དང༌། ཕྱག་ཕྲེང་དང༌། དམ་ཚིག་གི་རྡོར་དྲིལ་རྣམས་རྗེ་འདི་ལ་སྩལ་ཏེ། འདི་ངེད་ཀྱི་དམ་ཚིག་རྡོར་དྲིལ་ཡིན་ཀྱང༌། ད་ཁྱེད་རང་གི་འབྲལ་སྤངས་དམ་ཚིག་རྡོར་དྲིལ་གྱིས། སྤྱིར་ཁྱེད་རང་སྤུན་རྣམས་ཀྱི་ཚེ་ལ་ཐར་རྩེ་ཡང་དར་ཞིང་རྒྱས་པར་འབྱུང༌། སྒོས་ཁྱེད་རང་འདི་