[A:༤༠༥]ནས་ཡར་བྱོན་ནས་ལོ་ཤས་ཞིག་ནས་ངོར་གྱི་མཁན་པོ་བྱེད་དགོས་པར་འདུག །དེ་ནས་ཀྱང་ཁམས་ཕྱོགས་འདིར་ད་དུང་ལན་ཅིག་འབྱོན་དགོས་པར་འདུག །དེ་ཐམས་ཅད་ལ་བར་ཆད་མེད་ཅིང་བསྟན་འགྲོར་ཕན་ཐོགས་པར་འོང་གསུངས་པ་དང༌། རྗེ་འདིས་བདག་ལ་སྤངས་རྟོགས་ཀྱི་ཡོན་ཏན་ཅིའང་མེད་བཞིན་དུ་མཁན་པོ་བྱས་པས་ག་ལ་འོང་ཞེས་གསོལ་བ་ན། ཁྱེད་རང་ཀུན་སྤྱོད་ཐམས་ཅད་ད་ལྟའི་འདི་བཞིན་དུ་གྱིས་དང༌། མཁན་པོ་མི་ཡོང་བ་ཅིའང་མེད། ད་ལྟའི་ངོར་པའི་ཞབས་དྲུང་ཐམས་ཅད་ཀྱི་ནང་ནས་ཁྱེད་རང་དྲག་ཤོས་སུ་འདུག་གསུངས་པ་དང༌། ངེད་ཀྱི་ཡི་དམ་གྱི་ལྷ་བཅུ་གཉིས་པོ་དེ་རབ་གསེར་ཟངས་ལས་གྲུབ་པ། འབྲིང་སྨན་འདམ་ལས་གྲུབ་པ། ཐ་མ་བྲིས་སྐུ་རེ་ངེས་པར་བཞེངས་དགོས། གཞན་ང་ལ་འདྲ་སྐུ་དང་གདུང་རྟེན་བཞེངས་མི་དགོས། ང་ཡི་རུས་པ་རྣམས་ས་གཙང་ས་ཞིག་ཏུ་བསྐྱལ་བས་ཆོག་གསུངས་པ་སོགས་ཞལ་ཏ་མཐིལ་ཕྱིན་པར་གནང༌། དེའི་ཕྱི་ཉིན་ཡང་ལྷག་ཏུ་སྐུ་ཁམས་ངན་དུ་སོང་བ་མ་མཆིས་མོད། གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་དེ་ནུབ་ཟླ་བ་དང་པོ་འཆར་བ་དང་མཉམ་དུ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་པར་གྱུར་ཏོ། །དེ་ནས་ཞག་བརྒྱད་བར་ཐུགས་དམ་ལ་བཞུགས་ཤིང༌། ཟླ་བ་དེའི་ཚེས་ཉེར་བརྒྱད་ཀྱི་ནུབ་མོ་རྗེ་འདིའི་མནལ་ལམ་དུ། ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་བྱོན་ནས་ད་ངེད་ཐུགས་དམ་ལས་གྲོལ་བ་ཡིན་ནོ་གསུངས་པར་བརྟེན། དེའི་ཕྱི་ཉིན་སྐུ་གདུང་རིན་པོ་ཆེར་ཆོ་ག་རྣམ་པར་དག་པའི་སྒོ་ནས་བསྒྲུབས་པའི་བུམ་ཆུས་སྐུ་ཁྲུས་ཡང་ཡང་གསོལ་ཞིང༌། དྲི་བཟང་པོ་དང༌། སྨན་སྣ་ཚོགས་ཀྱི་ལྡེ་གུས་བྱུགས་པ་དང༌། རས་སེར་པོས་ལེགས་པར་དཀྲིས་ཤིང་དབུ་རྒྱན་དང༌། ལྷ་རྫས་ཀྱི་ན་བཟས་མཛེས་པར་བཀླུབས་ཏེ། གདུང་སྒྲོམ་གྱི་ཁྲིའི་སྟེང་དུ་མཆོད་པའི་བྱེ་བྲག་དཔག་ཏུ་