[A:༤༠༦]མེད་པ་དང་བཅས་བཞུགས་སུ་གསོལ་ཞིང༌། དེ་ནས་མཁས་དབང་ཀུན་དགའ་དོན་གྲུབ་བ་དང༌། གདོང་དགོན་བླ་མ་བསྟན་འཛིན་ཕུན་ཚོགས་པ་ལ་སོགས་པའི་དགེ་སློང་བཅུ་ཕྲག་གཅིག་གིས་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་དང༌། ཡང་དགེ་སློང་ཉི་ཤུ་ཙམ་གྱིས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་སོགས་མཛད་པ་དང༌། ཁྱད་པར་ཧོར་ཟླ་གཉིས་པའི་ཡར་ངོའི་ཚེས་དྲུག་གི་ཉིན་ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེ་ངག་དབང་བསྟན་པའི་རྒྱལ་མཚན་གྱི་གཙོས་པའི་དགེ་སློང་བཅུ་ཕྲག་གཅིག་གིས་དཔལ་ཀྱེ་རྡོ་རྗེ་ལ་བརྟེན་པའི་དུས་ཐ་མའི་ཆོ་གའི་སྒོ་ནས་ཞུགས་ཕུལ་བ་དང༌། གྲུབ་མཆོག་ངག་དབང་རིན་ཆེན་གྱི་གཙོས་པའི་དགེ་འདུན་མང་རབ་ཅིག་གིས་ཀུན་རིག་ལ་བརྟེན་པའི་སྦྱིན་སྲེག་གི་མཆོད་པ་ཕུལ་བར་མཛད་ཅིང༌། དེ་ནས་ཀྱང་ཡུན་རིང་པོའི་བར་དུ་དགེ་སློང་བཅུ་ཕྲག་གཅིག་གིས་དཔལ་ཀྱེ་རྡོ་རྗེའི་སྒྲུབ་མཆོད་དང༌། དགེ་སློང་ཉི་ཤུ་སྐོར་གྱིས་ཀུན་རིག་གི་སྒྲུབ་མཆོད་ཞག་ཞེ་དགུའི་བར་མ་ཆག་པ་དང༌། བདུན་རེ་རེའི་སྟེང་དུའང་ལྷུན་གྲུབ་སྟེང་གི་ཤར་ནུབ་ཀྱི་བླ་མ་གཉིས་དང༌། ཞུ་དག་སྤྲུལ་སྐུ་དང༌། རོང་པོ་བླ་མ་དང༌། རྡོ་རྗེ་འཛིན་པ་ངག་དབང་ཆོས་འབྱོར་དང༌། གླིང་མགོ་ཟི་དགོན་དུ་བཞུགས་པའི་ཁང་སར་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱལ་མཚན་པ་རྣམས་སྤྱན་དྲངས་ཏེ་དགེ་སློང་སུམ་ཅུ་སྐོར་གྱིས་ཀུན་རིག་གི་སྒྲུབ་མཆོད་རྒྱས་པར་མཛད་པ་དང༌། ལྷུན་གྲུབ་སྟེང་དུ་བཞུགས་པའི་བླ་མ་ཡོད་རིགས་ཐམས་ཅད་ལའང་བསྔོ་སྨོན་གྱི་རྟེན་ཤིན་ཏུ་ཟབ་པ་དང༌། དགོན་པར་ཀུན་རིག་གི་ཆོ་ག་ཉིན་གྲངས་ཁ་ཤས་དང༌། གཞན་ཡང་སྡེ་དགེའི་མངའ་ཞབས་ཀྱི་ས་དགོན་ཡོད་དོ་ཅོག་ལ་བསྙེན་བཀུར་དང༌། གྲལ་འགྱེད་ལ་སོགས་པ་ཤིན་ཏུ་གྱ་ནོམ་པ་དང༌། དཔལ་སྤུངས། རྫོགས་ཆེན། བྱེ་ཆེན། ཀཿཐོག །དཔལ་ཡུལ་ལ་སོགས་པའི་རིས་སུ་མེད་པའི་བླ་མ་ཆེ་གྲས་རྣམས་སུ་རྒྱ་དངུལ་སྲང་ལྔ་བཅུ་རེའི་མགོ་