R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༠༧
[A:༤༠༧]བྱས་པའི་འབུལ་བ་དང༌། བླ་མ་ཆུང་བ་རྣམས་སུ་རྒྱ་དངུལ་སྲང་ཉེར་ལྔ་རེའི་གཙོ་བྱས་པའི་འབུལ་བ་དང༌། དགོན་ཁག་རྣམས་སུ་བསྙེན་བཀུར་གྱ་ནོམ་པར་མཛད་དེ། འདི་དག་ཞིབ་པར་གོང་དུ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་རྣམ་ཐར་དུ་གསལ་བ་ལྟར་རོ། །འདྲ་སྐུ་དང་གདུང་རྟེན་བཞེངས་མི་དགོས་ཞེས་གསུངས་ནའང༌། དད་པའི་རྟེན་དུ་རིན་ཆེན་གཉིས་པ་ཐུར་སྲང་དགུ་བཅུ་ལས་གྲུབ་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་དང༌། གསེར་ཟངས་ལས་གྲུབ་པའི་འདྲ་སྐུ་ཁྲུ་གང་ལྷག་ཙམ་དང༌། ཞལ་ཆེམས་སུ་ཡོད་པའི་ཡི་དམ་གྱི་ལྷ་བཅུ་གཉིས་ཀྱི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཁྲུ་གང་ཅུང་མེད་ཙམ་རེ་བཞེངས་པར་མཛད་དོ། །དེའི་ཚེ་སློབ་མའི་ཚོགས་ཐམས་ཅད་ཀྱང་ཆོས་ཀྱི་རྗེ་དེ་ཞི་བར་གཤེགས་པར་གྱུར་ནའང༌། དེའི་སྐུ་ཡི་བཀོད་པ་གཉིས་པ་ལྟ་བུའི་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདི་བཞུགས་སོ་སྙམ་པས་མྱ་ངན་དང་ཡིད་མི་བདེ་བ་ཅིའང་མེད་ཅིང༌། ཞབས་འབྲིང་པ་རྣམས་ཀྱིས་ཀྱང་རྗེ་འདིའི་སྐུའི་མཛད་ཚུལ་ལེགས་པ་དང་ཀུན་སྤྱོད་བཙུན་པ་རྣམས་མཐོང་བའི་ཚེ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་འདི་རང་ཡིན་སྙམ་པ་ཁོ་ན་བྱུང་ཞེས་གླེང་བར་བྱེད་དོ། །སླར་ཡང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་དགོངས་པ་རྫོགས་པའི་ཕྱིར་དབུས་གཙང་དག་པའི་ཞིང་དུ་བསྙེན་བཀུར་རྒྱ་ཆེར་བསྟབ་པའི་སླད་དུ་འབྱོན་པར་བརྩམས་ཏེ། དེ་སྐོར་གྱི་ཉེར་བསྡོགས་རྣམས་ཀྱང་ཇི་ལྟར་འོས་པ་བསྒྲིགས་པའི་ཚེ་སྡེ་དགེ་ཆོས་རྒྱལ་མཆོག་གི་གཙོས་མཆོག་དམན་རྣམས་ཀྱིས་མགྲིན་གཅིག་ཏུ། ཆོས་ཀྱི་རྒྱལ་པོ་ཆེན་པོ་མཁན་ཆེན་སྨྲ་བའི་ཉི་མ་དེ་ཉིད་ནི་བདག་ཅག་རྣམས་ཀྱི་བསོད་ནམས་ཀྱིར་བར་མ་ཚུད་པར་ངེས་པར་སྐལ་བ་དམན་པའི་ནུབ་རིའི་ཕག་ཏུ་གཤེགས་པར་གྱུར་ནའང༌། སྲིད་པ་གསུམ་གྱི་སྡུག་བསྔལ་གྱི་མེ་ཆེན་རབ་ཏུ་ཞི་བར་བྱེད་པའི་