R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༠༨
[A:༤༠༨]མི་ཟད་པའི་བདུད་རྩིའི་གཏེར་ཆེན་པོ་ཁྱོད་ལྟ་བུ་ནི་བདག་སོགས་རྣམས་ཀྱི་དབང་པོའི་དངས་མ་དང༌། སྤྱི་བོའི་གཙུག་རྒྱན་དུ་ཐོབ་པ་ལགས་ན་མཁན་ཆེན་མཆོག་གི་དགོངས་རྫོགས་སྒྲུབ་པའི་འོས་སུ་གྱུར་པ་གང་རུང་ཞིག་ཆེད་དུ་མངགས་སྟེ། རྗེ་རང་ཉིད་ཁམས་ཕྱོགས་འདིར་ཡུན་རིང་དུ་བཞུགས་པར་ཞུ་བའི་གསོལ་བ་ལན་གྲངས་མང་དུ་བཏབ་ཀྱང༌། ཇི་སྐད་དུ། དམ་པ་མང་པོ་ཁས་འཆེ་མི་བྱེད་ཅིང༌། གལ་ཏེ་དཀའ་བའི་གནས་ནི་ཁས་བླངས་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་འདོར་བར་མི་བྱེད་དོ། །ཞེས་པ་ལྟར། དང་པོ་ཇི་ལྟར་དམ་བཅས་པའི་མཚམས་ལས་ནམ་ཡང་མི་འདའ་བ་དམ་པ་རྣམས་ཀྱི་ཆོས་ཉིད་ཡིན་པ་ལྟར་ཞལ་གྱིས་མ་བཞེས་པར་བོད་དུ་འབྱོན་པར་ཐག་བཅད། སླར་ཡང་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་དུ་ཆོས་གྲྭ་དེར་བཞུགས་པའི་དགེ་འདུན་གང་ཡོད་ཀྱིས་ཚེ་ཆོག་དང༌། བླ་མ་མཆོད་པ་ཉིན་གསུམ་མཛད་པའི་ཉིན་རེ་བཞིན་བསྙེན་བཀུར་དང་གྲལ་འགྱེད་ཤིན་ཏུ་ཟབ་པའི་སྟེང༌། གཙུག་ལག་ཁང་དེར་བཟང་གོས་འཕན་སོགས་སྦྱོར་འཇགས་སྩལ་བ་དང༌། ལྷུན་གྲུབ་སྟེང་གི་ཕན་གླིང་བླ་བྲང་རང་དུའང་ས་སྐྱོང་མཆོག་གི་དབུའི་མཆོད་གནས་རིམ་བྱོན་གྱི་ཉེར་མཁོའི་ཐེབས་སུ། ཁུ་བོ་མཁན་ཆེན་དེ་ཉིད་ཀྱི་འབྲལ་སྤངས་ས་ཆེན་ཀུན་བློའི་སྣང་བརྙན་སྨན་འདམ་ལས་གྲུབ་པ་དང༌། གསེར་ཟངས་ལས་གྲུབ་པའི་སྐུ་འདྲ་ཆེ་ཆུང་ཐམས་ཅད་བསྡོམས་པས་བཞི་བཅུ་ཞེ་དྲུག་དང༌། འཁར་རག་སོགས་ལས་གྲུབ་པའི་སྐུ་འདྲ་ཆེ་ཆུང་བསྡོམས་པས་སུམ་ཅུ་སོ་དགུ་དང༌། ཞལ་ཐང་སྐོར་ལ། ལམ་འབྲས་བླ་མ་བརྒྱུད་པའི་གསེར་ཐང་གྲས་འགྲིག་སྤུས་ལེགས་དྲུག །ཀྱེ་རྡོ་རྗེ་གདན་གསུམ་ཚང་བའི་བྲིས་ཐང་གཅིག་བཅས་དང༌། མཆོད་ཆའི་རིགས་ལ་སིལ་སྙན་བཟང་འབྲིང་གཉིས། རོལ་མོ་བཟང་འབྲིང་བཞི། འཁའ་རྔ་གཅིག །དུང་ཆེན་ཆ་