[A:༤༢༡]པ་མཐའ་དག་རྨི་ལམ་གྱི་རང་བཞིན་ལྟ་བུར་མངོན་སུམ་དུ་གཟིགས་པ་ལ་བརྟེན་ནས། སྐུ་ན་ཆུང་ངུའི་དུས་ནས་གཅེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་དྲུང་དུ་བདག་གྲྭ་རྐྱང་ཞིག་བྱས་ཏེ་ཟུར་དུ་བཞུགས་ཆོག་པའི་སྙན་སྦྲོན་ཡང་ཡང་འབུལ་བར་མཛད་ནའང༌། དེ་བཞིན་མཛད་པ་ཞིག་མ་བྱུང་ལ། དེ་རྗེས་གོང་དུ་བཤད་པ་ལྟར་རྗེ་འདི་མདོ་ཁམས་ནས་ཡར་ཨེ་ཝྃ་དུ་ཕེབས་པའི་སྐབས་ཀྱང༌། སྡེ་དགེ་ཆོས་རྒྱལ་ཆེན་པོས་གཅེན་མཁན་ཆེན་ཁྲི་ཐོག་པ་བྱམས་པ་ཀུན་དགའ་བསྟན་འཛིན་མདོ་ཁམས་སུ་གདན་འདྲེན་ཞུ་མི་ཆེད་དུ་མངགས་པར་བརྟེན། ས་སྐྱ་ནས་ཀྱང་བླ་བྲང་རྩིས་སྤྲོད་འཕྲལ་དུ་བགྱིས་ཏེ་མདོ་ཁམས་སུ་ཕེབས་དགོས་ཚུལ་དང༌། གལ་སྲིད་རྩིས་སྤྲོད་འགྲིག་མིན་ཡོད་ཚེ་རྗེ་འདི་མཁན་པོར་བསྐོ་བཞག་བགྱིས་ཆོག་ཚུལ་བཀའ་ཕེབས་ནའང༌། དེ་དག་ལ་ཐུགས་འདུན་གཏན་ནས་མ་མཛད་རུང༌། དགུང་གྲངས་ཞེ་བདུན་ཏུ་ཕེབས་པ་མྱོས་བྱེད་ཅེས་པ་ཤིང་མོ་ལུག་གི་ལོར་ཕན་ཁང་མཁན་རིན་པོ་ཆེ་བྱམས་པ་དཔལ་ལྡན་བཟང་པོ་ཨེ་ཝྃ་པའི་མཁན་ས་དགོངས་ཁྲོལ་ནན་ཏན་ཆེན་པོས་ཞུས་པར་བརྟེན། ཨེ་ཝྃ་པའི་བླ་ཁག་ཁང་ཚན་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། ད་ནི་རྗེ་འདི་ཁོ་ན་ཀུན་མཁྱེན་ཨེ་ཝྃ་པ་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་གསོལ་བར་འོས་སོ་ཞེས་གླེང་ཞིང༌། རྗེ་འདི་ལའང་གསོལ་བ་ཕུར་ཚུགས་སུ་བཏབ་པ་ན། སྤྱིར་དགོན་པའི་འཛིན་སྐྱོང་གི་ཁུར་འདི་ཤེས་འཁོས་ཀྱིས་ལྕོགས་དཀའ་བར་མ་ཟད། གལ་སྲིད་བསྟན་པའི་ཁུར་བླངས་ཀྱང་ཆགས་སྡང་འཕེལ་བའི་རྒྱུ་ཁོ་ན་ལས་མ་འདས་པས་ཨེ་ཝྃ་པའི་མཁན་ས་འཛིན་མི་དགོས་པའི་དགོངས་ཁྲོལ་དགོས་ཚུལ་ནན་ཏན་གྱིས་བཀའ་སྩལ་རུང༌། ཨེ་ཝྃ་པའི་བླ་ཁག་ཁང་ཚན་ཐམས་ཅད་ཀྱིས་མཁན་པོར་འོས་པ་རྗེ་འདི་ཁོ་ན་ལས་གཞན་སུ་ཡང་མེད་དོ་ཞེས་དཔལ་ལྡན་ས་སྐྱའི་འཇམ་མགོན་ཁྲི་