R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༢༢
[A:༤༢༢]ཆེན་རིན་པོ་ཆེ་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོའི་གསེར་སྙན་རིན་པོ་ཆེར་གསོལ་བ་ན། དེས་ཀྱང་སྟོབས་ཀྱི་འཁོར་ལོས་སྒྱུར་བ་གཞུང་ས་དགའ་ལྡན་ཕོ་བྲང་བ་ཆེན་པོར་སྙན་སྤྲོན་ཕུལ་ཏེ། དེ་དག་ནས་ཀྱང་ཁྱོད་ཀྱིས་བསྟན་པ་དང་སེམས་ཅན་གྱི་དོན་དུ་སྙིང་སྟོབས་ཆེས་ཆེར་བསྐྱེད་དེ། ཀུན་མཁྱེན་ཨེ་ཝྃ་པ་ཆེན་པོའི་བསྟན་པའི་ཁུར་ཆེན་པོ་ཁྱེད་ལ་སྤྱི་དང་བྱེ་བྲག་གི་བསྟན་པ་རིན་པོ་ཆེ་དབྱར་གྱི་མཚོ་བཞིན་དུ་སྤེལ་བ་དང༌། འོས་སུ་གྱུར་པའི་གདུལ་བྱ་རྣམས་ཀྱང་སྨིན་གྲོལ་ལ་བཀོད་ཅིག་ཅེས་པའི་བཀའ་སྩལ་གསེར་གྱི་ཕྲེང་བ་དབྱར་གྱི་གྲུ་ཆར་བཞིན་དུ་བསྙིལ་བ་དང༌། དེར་མ་ཟད་ཁང་སར་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་བསྟན་འཛིན་ནི་དེ་སྐབས་གླིང་མགོ་ཟི་དགོན་དུ་བཞུགས་པ་དང༌། ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེའང་སྡེ་དགེར་ཕེབས་པར་བརྟེན། གཞན་མཁན་པོར་འོས་པ་སུའང་མེད་གཤིས་རེ་ཞིག་མཁན་པོ་ཞལ་བཞེས་མི་མཛད་ཐབས་མེད་དུ་གྱུར་ཏེ། སྙིགས་མའི་སེམས་ཅན་མི་སྲུན་པའི་སྤྱོད་པ་རླུང་དམར་ལྟར་འཚུབས་པའི་ནང་འདིར་བསྟན་པ་དང་སེམས་ཅན་ལ་ཅི་ནུས་ཀྱིས་ཕན་གདགས་པར་བཞེད་དེ། ལོ་དེའི་ཧོར་ཟླ་བཅུ་གཅིག་པ་མགོ་ཟླའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཅོ་ལྔའི་ཉིན་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝྃ་ཆོས་ལྡན་གྱི་གཙུག་ལག་ཁང་ཆེན་པོར་བསུ་བའི་བཀོད་པ་ལྟ་བས་ཆོག་མི་ཤེས་པའི་ཚོགས་དང་བཅས་པས་བྱོན་ཏེ། ལྷ་དང་མི་དང་ལྷ་མ་ཡིན་དང༌། གནོད་སྦྱིན་དང་དྲི་ཟ་དང་གྲུལ་བུམ་ལ་སོགས་པ་ཐམས་ཅད་ཀྱི་རལ་པའི་ཐོར་ཚུགས་ཨནྡ་རྙིལ་གྱི་མདོག་ལྟ་བུས་ལན་ཅིག་མ་ཡིན་པར་བཏུད་པའི་མི་འཇིགས་གདོང་ལྔས་བཏེག་པའི་ཆོས་ཀྱི་ཁྲི་འཕང་འཐོན་པོ་ག་ལ་བར། ཞབས་ཀྱི་ཆུ་སྐྱེས་དམར་པོ་རྣམ་པར་བཀོད་དེ་ཇི་ལྟར་་གསེར་གྱི་ལྷུན་པོ་གུར་གུམ་གྱི་ཆར་པས་ལན་བརྒྱ་སྟོང་དུ་བཀྲུས་པ་ལ། སླར་ཡང་འཆར་ཀའི་ཉི་