[A:༤༢༣]འོད་ཀྱི་ཐིགས་པས་ཡོངས་སུ་དྲན་པ་བཞིན་དུ་ལྷམ་མེར་བཞུགས་པ་ན། སྔོན་བཅོམ་ལྡན་འདས་ལ་ལྷའི་དབང་པོ་ཚངས་པ་དང༌། བརྒྱ་བྱིན་གྱིས་བཀྲ་ཤིས་པའི་རྫས་ཀྱིས་མངོན་པར་མཆོད་དེ། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་དང་ཚུལ་མཚུངས་པར་ཆོས་ཀྱི་དུང་དང༌། ལམ་འབྲས་གླེགས་བམ་དང༌། བཀྲ་ཤིས་པའི་རྫས་བརྒྱད་ལ་སོགས་པ་སྔོན་དུ་འགྲོ་བའི་དཔལ་ལྡན་ས་སྐྱའི་ལེགས་འབུལ་དང༌། ཨེ་ཝྃ་པའི་བླ་བྲང་ཁག་རྣམས་དང༌། ཁང་ཚན་བཅུ་གཅིག་དང༌། གཞན་ཡང་གྲྭ་རིགས་སྦྱིན་བདག་དང་བཅས་པ་རྣམས་ནས་རང་རང་གི་འབྱོར་པ་དང་བསྟུན་པའི་ལེགས་འབུལ་གྱི་དངོས་པོ་རི་ལྟར་སྤུངས་ཏེ། རྒྱལ་བས་ལུང་གིས་བསྔགས་པའི་ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་ཡོངས་སུ་མངའ་གསོལ་བས་སྐལ་བ་བཟང་པོའི་དུས་ཀྱི་ཆུ་གཏེར་དབྱར་གྱི་མཚོ་བཞིན་དུ་རྒྱས་པར་གྱུར་ཏོ། །གཞན་ཡང་ངོར་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་དབང་བསྐུར་བའི་གནས་དབང་ཁང་དུ་གྲགས་པ་དང༌། དེའི་ཐོག་གཡབས་ཆེན་དུ་གྲགས་པ་བཅས་ཀྱི་བཞུགས་ཁྲི་སོ་སོའི་སྟེང་དུའང་ཁྲི་འབུལ་ཟབ་རྒྱས་དང་བཅས་པས་མངའ་གསོལ་ཞིང༌། དེ་ལྟར་བགྱིས་པའི་དགེ་ཚོགས་རྣམས་ཀྱང་འཁོར་གསུམ་རྣམ་པར་མི་རྟོག་པའི་བསྔོ་བའི་རྒྱས་འདེབས་པར་མཛད་པ་དང༌། དེ་ལྟ་བུའི་དུས་ཀྱི་ཚེ་ནམ་མཁའི་དབྱིངས་ཐམས་ཅད་ཀྱང་འཇའ་སྤྲིན་གྱིས་གང་བ་ལ་སོགས་པ་བཀྲ་ཤིས་པའི་ལྟས་མང་པོའང༌། ཇི་ལྟར་པདྨོ་རྣམ་པར་རྒྱས་པའི་ཚལ་དུ་སྤྲང་རྩི་འཐུང་བའི་བུང་བ་གཞོན་ནུའི་ཚོགས་རྣམས་མ་བསྡུས་པར་ཡང་ངང་གིས་འདུ་བ་བཞིན་དུ་མངོན་སུམ་དུ་ལྷགས་པར་གྱུར་ཏོ། །དེ་ལྟར་ཆོས་ཀྱི་ཁྲི་ལ་ཞབས་སེན་བཀོད་མ་ཐག་པ་ནས་དཔལ་གྱི་མགུར་ལས། དུང་གི་ཚེམས་བར་ནས་འཕྲུལ་གྱི་ལྗགས་བརྐྱངས་ཏེ། དུས་གསུམ་