R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༣༦
[A:༤༣༦]བཞིས་བསྟན་དང་འགྲོར། །ཕན་བདེའི་དགའ་སྟོན་སྤེལ་ལ་གསོལ་བ་འདེབས། །ཆོས་བརྒྱད་སྣང་བ་རྨི་ལམ་ལྟར་གཟིགས་པས། །དགོས་མེད་ཚེ་འདིའི་བྱ་བ་རིང་བཏང་ནས། །རྟག་ཏུ་ཆོས་བཞིན་སྤྱོད་པ་ལྷུར་མཛད་ཕྱིར། །ཀུན་གྱིས་དམ་པར་བསྔགས་ལ་གསོལ་བ་འདེབས། །ཞེས་བཀའ་སྩལ་པ་ལྟར་ཏེ། དེའང་དགུང་གྲངས་ང་བཞི་པ་ཆུ་སྟག་ལོའི་མགོར། སྐབས་ཤིག་མནལ་ལམ་དུ་མཁན་ཆེན་རྡོ་རྗེ་འཆང་ནམ་མཁའ་མཚན་ཅན་དེ་ཉིད་འཁོར་ཞབས་འབྲིང་བ་གཅིག་དང་བཅས་བྱོན་ཏེ། གསུང་འཕྲོས་འགའ་ཞིག་མཛད་པར་གཞན་རྣམས་ཆེར་མ་གསན། ད་ནི་འགྲོ་བའི་དུས་ལ་བབ་པོ་གསུངས་པ་དེ་གསལ་བར་གསན་པ་ཞིག་བྱུང་ལ། གནས་ཚུལ་དེ་བཞིན་རྗེ་འདིས་ཞབས་འབྲིང་བ་དག་ལ་བཀའ་སྩལ་པ་ན། ཐམས་ཅད་ཀྱིས་སྐུ་ཚེ་ལ་བར་ཆད་ཡོད་པ་མིན་ནམ་ཞེས་གླེང་བ་བྱུང་ཞིང༌། གང་ལྟར་ཡང་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱིས་སྔར་དངོས་དང་ཉམས་ཀྱི་སྣང་བར་ཇི་ལྟར་ལུང་བསྟན་པ་བཞིན་དུ་ལོའི་མཇུག་ཏུ་སྡེ་དགེ་བླ་ཆེན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་ཞི་བར་གཤེགས་པའི་དགོངས་རྫོགས་སྒྲུབ་པ་དང༌། རྗེ་འདི་གདན་འདྲེན་ཞུ་བར་སྡེ་དགེའི་སྐུ་ཚབ་བྱེ་ཐམ་གློ་པ་ཤེས་རབ་བཟང་པོ་དང༌། ཡོན་ཏན་ཕུན་ཚོགས་དང༌། བཀྲ་ཤིས་རྒྱ་མཚོ་སོགས་དཔོན་འཁོར་རྣམས་འབྱོན་པར། ཁོང་རྣམས་ནས་ཀྱང་སྡེ་དགེ་ཆོས་རྒྱལ་ཆེན་པོ་དམ་ཚིག་རྡོ་རྗེ་ཚེ་རིང་རྣམ་རྒྱལ་པའི་ཞུ་ཡིག་འབུལ་བ་དང་འབྲེལ་བར། མདོ་ཁམས་ཀྱི་བསྟན་འགྲོའི་མགོན་དུ་ཆིབས་ཀྱི་ཁ་ལོ་མ་བསྒྱུར་ཐབས་མེད་ཡིན་ཚུལ་གྱིས་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལ་བརྟེན། མི་འབྱོན་ཐབས་མེད་ལྟ་བུས་རིམ་གྱིས་ཞལ་གྱིས་བཞེས་ཏེ་དོན་གཉེར་འགའ་ལ་ཆོས་ཀྱི་བདུད་