R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༣༧
[A:༤༣༧]རྩིའང་ཅི་རིགས་པར་སྩལ་བ་དང༌། མདོ་ཁམས་སུ་ཕེབས་རྒྱུའི་ཉེར་བསྡོགས་རྣམས་ཀྱང་ཇི་ལྟར་འོས་པར་བརྩམས་ཏེ། དགུང་གྲངས་ང་ལྔར་སོན་པ་མཛེས་བྱེད་ཅེས་པ་ཆུ་ཡོས་ཀྱི་ལོའི་ཧོར་ཟླ་གསུམ་པའི་ནང་གངས་ལྗོངས་བསོད་ནམས་ཀྱི་མགྲོན་དུ་ཁུགས་པའི་ཆོས་གྲྭ་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས། དེར་བཞུགས་པའི་བདག་ཆེན་འཇམ་པའི་དབྱངས་སྐུ་ངོ་ཁག་རྣམས་ཀྱི་གསེར་ཞལ་རིན་པོ་ཆེ་མཇལ་བ་དང་ཆབས་ཅིག་འབུལ་བའི་དངོས་པོ་ཅི་རིགས་པར་ཕུལ་བ་དང༌། ཡེ་ཤེས་པ་མངོན་སུམ་དུ་བཞུགས་པའི་རྟེན་གསུམ་བྱིན་རླབས་ཀྱི་གཟི་འོད་འབར་བ་རྣམས་སུ་མཆོད་འབུལ་དང༌། སྤྲུས་པའི་ལྷ་ཁང་ཆེན་མོར་འདུས་ཚོགས་སུ་མང་ཇས་བསྙེན་བཀུར་བ་བཅས་མཛད་ནས་ཨེ་ཝྃ་དུ་ཕེབས། དེར་ཡང་ལྷ་ཁང་ཁག་རྣམས་སུ་མཆོད་འབུལ་དང༌། ཆོས་སྲུང་རྣམས་ལ་སྐོང་བ་དང༌། ཡུལ་ལྷར་བསང་མཆོད་ལ་སོགས་པ་སྐབས་སུ་བབ་པའི་རིམ་གྲོའི་རིགས་ཀྱང་རྒྱ་ཆེ་བར་མཛད་དེ། ལོ་དེའི་ཧོར་ཟླ་ལྔ་པའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉིན་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེ་དང་བཅས་སྟོན་འཁོར་ལྷན་ཅིག་ཏུ་སྔོན་བཅོམ་ལྡན་འདས་ལ་འཁོར་དགྲ་བཅོམ་པ་རྣམས་ཀྱིས་བསྐོར་ཏེ་ལྗོངས་རྒྱུ་བ་བཞིན་དུ་སྤྱི་དང་བྱེ་བྲག་གི་ཆིབས་སྐྱེལ་གྱི་ཚོགས་ཤིན་ཏུ་རྒྱ་ཆེ་བ་དང་བཅས་ཏེ་ཨེ་ཝྃ་ནས་ཆིབས་བཏེག །མར་ལམ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས། །པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་གསེར་ཞལ་རིན་པོ་ཆེ་མཇལ་བ་དང༌། རྟེན་གསུམ་ཡོངས་ལ་མཆོད་འབུལ་སོགས་མཛད་དེ་རིམ་གྱིས་ལྷ་ལྡན་དུ་ཕེབས། འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ་རྒྱལ་དབང་ཐམས་ཅད་མཁྱེན་པ་མཁས་གྲུབ་རྒྱ་མཚོ་དང༌། སྲིད་སྐྱོང་ཚེ་སྨོན་གླིང་པ་སོགས་