R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༣༨
[A:༤༣༨]མཇལ་བ་དང༌། ཁྱད་པར་སྟོན་མཆོག་ཐུབ་པའི་དབང་པོའི་སྐུ་བརྙན་རྣམ་པ་གཉིས་ཀྱི་གཙོ་བྱས་པའི་རྟེན་གསུམ་ཡོངས་ལ་མཆོད་འབུལ་དང་ཐུགས་སྨོན་སོགས་ཞིབ་པར་མཛད་ནས་ཆིབས་ཀྱི་གདོང་བསྒྱུར་ཏེ། ཇི་སྐད་དུ། སངས་རྒྱས་ཉི་མ་གདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་པ་འབབས། །ཞེས་པ་ལྟར། ཤིན་ཏུ་བགྲོད་པར་དཀའ་བའི་ལ་ལུང་མང་པོ་རིམ་གྱིས་བརྒལ་ཞིང༌། འོས་སུ་གྱུར་པའི་གདུལ་བྱ་རྣམས་ལ་ཆོས་ཀྱི་བདུད་རྩིའང་ཅི་རིགས་པར་སྩོལ་བཞིན་པའི་སྒོ་ནས་བོད་ཆེན་པོའི་ལྗོངས་སུ་ཕེབས་པར་གྱུར་ཏོ། །དེ་ནས་མདོ་སྨད་སྡེ་བཞི་དང་དགེ་བཅུའི་དཔལ་གྱིས་མངོན་པར་སྒེག་པའི་རྒྱལ་ཁབ་ནས་མི་བདག་སའི་ཚངས་པ་ཆེན་པོའི་སྔ་ཕྱིར་ཆིབས་བསུའི་ཚོགས་དབྱར་གྱི་ཆུ་འཛིན་འཁྲིགས་པ་བཞིན་དུ་ལྷགས་པ་རྣམས་དང་ལྷན་ཅིག་ཏུ་བྱོན། ཁྱད་པར་དུ་དཔལ་ལྡན་ལྷུན་གྲུབ་སྟེང་གི་དགེ་འདུན་འདུས་པ་རྒྱ་མཚོའི་སེར་སྦྲེང་གི་བཀོད་པ་ལྟ་བས་ཆོག་མི་ཤེས་པ། ཇི་ལྟར་བྱེ་རུའི་འཁྲི་ཤིང་ཚར་དུ་དངར་བ་ལ། དབང་གཞུའི་རི་མོས་མཛེས་པར་སྤུད་པས་ཀྱང་དཔེར་བྱ་བར་མི་བཟོད་པའི་ངོ་མཚར་གྱི་ཕུང་པོ་ཆེན་པོ་སྐྱེ་བོ་རྣམས་ཀྱི་མིག་དང་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པ་རྣམས་ཀྱིས་མདུན་ནས་བསུས་ཏེ། ཁྲུམས་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཉིན་མདོ་ཁམས་ཟལ་མོ་སྒང་གི་སའི་ཐིག་ལེ་སྡེ་དགེ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ག་ལ་བར་ཉེ་འཚེའི་དྲི་མ་མེད་པ་བདེ་པར་ཕེབས་པར་གྱུར་ཏོ། །དེར་འཁོད་པའི་འགྲོ་བ་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་ཀྱང་མཚན་དཔེའི་བཀོད་པ་མངོན་སུམ་དུ་མིག་གི་བདུད་རྩིར་གྱུར་ཅིང༌། ལེགས་པར་གསུངས་པའི་སྒྲ་དབྱངས་རྣ་བའི་བཅུད་དུ་སོན་པས་སྤྲོ་བ་མཆོག་གི་ཤིང་རྟའི་རྩེ་མོར་འཛེགས་པར་གྱུར་ཏོ། །