[A:༤༣༩]དེ་ཉིན་ཆོས་རྒྱལ་མཆོག་ནས་ཀྱང་ཐོག་མར་འོས་པའི་དགའ་སྟོན་གྱ་ནོམ་པ་བསྟབས་པ་དང༌། རྗེ་འདིས་ཀྱང་ཆོས་རྒྱལ་ཆེན་པོའི་མདུན་དུ་ཐོག་མའི་ཞལ་མཇལ་ལ་རོང་གི་ཚུལ་དུ་བཀྲ་ཤིས་པའི་ལྷ་གོས་དང༌། སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་དུ་འཕགས་པ་དུ་མས་ཐོག་དྲངས། ལེགས་འབུལ་གྱི་དངོས་པོ་རྒྱ་ཆེ་ཞིང་དཔངས་མི་དམན་པ་ཕུལ་བ་དང༌། དེ་ནས་རིམ་གྱིས་ཆོས་རྒྱལ་ཆེན་པོ་སྐུ་སྒེར་དང༌། དེའི་སྐུ་མཆེད་སྡེ་དགེ་བླ་ཆེན་བྱམས་པ་ཀུན་དགའ་འཇམ་དཔལ་ཕན་བདེའི་སྙིང་པོ་དང༌། དེའི་གཅུང་ཚེ་དབང་རྡོ་རྗེ་དགྲ་འདུལ་ལ་སོགས་པའི་སྐུ་ངོ་ཁག་རྣམས་དང༌། བཀའི་བློན་ཆེན་རིགས་དང༌། ཕྱག་མཛོད་དང༌། ཚོང་དཔོན་དང༌། མདུན་སྐོར་ལ་སོགས་པ་རྣམས་དང༌། དགོན་པའི་བླ་མ་དབུ་ཆོས་ལ་སོགས་པ་རྣམས་ལའང་རང་རང་གི་གོ་བབས་དང་བསྟུན་པའི་ལ་རོང་གི་འབུལ་བ་དང་གནང་སྦྱིན་སོགས་ཟབ་པར་མཛད། ཁྱད་པར་ཟླ་བ་དེའི་ཚེས་བཅོ་ལྔའི་ཉིན་མདོ་སྨད་ཀྱི་བསྟན་འགྲོ་ཡོངས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པར་ཡོངས་སུ་མངའ་གསོལ་བའི་སླད་དུ། རྗེ་འདི་སྟོན་འཁོར་གྱི་ཚོགས་དང་བཅས་པ་དཔལ་ལྡན་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་ཆེན་པོར་སྤྱན་དྲངས་ཏེ། སྔོན་ཨེ་ཝྃ་པའི་མཁན་པོ་རིམ་བྱོན་ཐམས་ཅད་ཀྱི་ཞབས་ཀྱི་ཆུ་སྐྱེས་རྣམ་པར་བཀོད་པའི་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་འཕང་མཐོན་པོར་ཞབས་མཐིལ་འཁོར་ལོའི་རེ་ཁཱ་རྣམ་པར་བཀོད་དེ་བཞུགས་སུ་གསོལ་ཞིང༌། དེ་ནས་ཇི་སྐད་དུ་མདོ་རྒྱ་ཆེ་རོལ་པ་ལས། ཁྱོད་ཀྱིས་སྔོན་ཆད་དགེ་ལས་བསགས་པ་དང༌། །ཡུན་རིང་དུས་ཀྱི་དགེ་བས་བྱུང་བ་དང༌། །ཁྱོད་ཀྱིས་ཆོས་རྣམས་ཀུན་གྱི་ཚུལ་སྦྱངས་པས། །དེ་རིང་མཆོད་པ་རྒྱ་ཆེན་བྱུང་བར་གྱུར། །ཅེས་འབྱུང་བ་ལྟར་བོད་ཆེན་པོའི་ལྗོངས་ཀྱི་སྐྱེ་རྒུ་ཡོངས་ཀྱི་བདག་པོ་ཆོས་རྒྱལ་བྱང་ཆུབ་སེམས་