[A:༤༤༠]དཔའ་མཆོག་ནས་སྔ་ན་མེད་པའི་དད་པ་དང་སྤྲོ་བའི་འཛུམ་རླབས་ཁོངས་ནས་གཡོ་བཞིན་པའི་སྒོ་ནས་བཀྲ་ཤིས་པའི་རི་མོས་མངོན་པར་འཁྱུད་པའི་ལྷ་རྫས་ཀུནྡཱ་ལྟར་དཀར་བ་དང༌། སྐུ་རྟེན་དུ་རྒྱལ་བ་ཚེ་མཐའ་ཡས་པ་ལ་སོགས་པའི་སྐུ་བརྙན་དུ་མ་དང༌། གསུང་རྟེན་དུ་འཕགས་ཡུལ་གྱི་མཁས་དང་གྲུབ་པ་རྣམས་ཀྱི་བསྟན་བཅོས་གངས་ཅན་གྱི་ལྗོངས་སུ་འགྱུར་རོ་འཚལ་དང༌། ཐུགས་ཀྱི་རྟེན་དུ་བཀའ་གདམས་མཆོད་རྟེན་ལ་སོགས་པའི་མཆོད་རྟེན་ཁ་ཤས་དང༌། བཀྲ་ཤིས་པའི་རྫས་བརྒྱད་ལ་སོགས་པ་སྔོན་དུ་འགྲོ་བའི་སྒོ་ནས་ལྷ་དང་མིའི་འཇིག་རྟེན་ན་ཤིན་ཏུ་རིན་ཐང་ཆེ་ཞིང་རྙེད་པར་དཀའ་བའི་ནོར་གྱི་མཆོག་རྣམ་གྲངས་ཤིན་ཏུ་མང་པོའི་ལེགས་འབུལ་གྱ་ནོམ་པ་བསྟབས་པ་དང༌། དེ་དག་གི་སྐབས་སུ་རྡོ་རྗེ་འཛིན་པ་དགེ་འདུན་རྒྱ་མཚོ་པ་འདུས་ཚོགས་དང་བཅས་པས་ཚེ་དཔག་ཏུ་མེད་པ་ལྷ་དགུའི་ཆོ་ག་དང་འབྲེལ་བའི་སྒོ་ནས་ཞབས་པད་བརྟན་པའི་རྟེན་འབྱུང་བསྒྲིགས། མཁས་པའི་དབང་པོ་ཤར་བླ་མ་ཀུན་དགའ་དཔལ་ལྡན་པས་ཕུན་སུམ་ཚོགས་པ་ལྔ་དང༌། མཎྜལ་གྱི་བཤད་པ་རྒྱ་ཆེར་སྤྲོས། གཉེར་ཆེན་རྒྱ་མཁར་དགེ་ལེགས་ཀྱི་ཚིག་དོན་རྨད་དུ་བྱུང་བའི་ལེགས་འབུལ་གྱི་ཡི་གེ་བརྗོད་བ་དག་ཅིང་གསངས་མཐོ་བར་བསྒྲགས། དེའི་རྗེས་སུ་ཆོས་རྒྱལ་ཆེན་པོའི་སྐུའི་འགལ་རྐྱེན་སེལ་བའི་བླ་མ་དང༌། ཆོས་ཁྲིམས་དང༌། གྲྭ་ཚང་དང༌། བཀའི་འཁོར་ལོས་སྒྱུར་བའི་མདུན་ན་འདོན་ཆེན་པོ་རྣམས་དང༌། ཕྱག་མཛོད་དང༌། མདུན་སྐོར་དང༌། ཚོང་དཔོན་དང༌། དཔོན་སྐྱ་དང༌། ཧོར་འདྲ་རྣམས་དང༌། ལྷུན་གྲུབ་སྟེང་དུ་གཉུག་མར་བཞུགས་པའི་བླ་མ་དང༌། སློབ་དཔོན་དང༌། ཆོས་ཁྲིམས་དང༌། སྤྱི་པའི་དུས་ཇ་ཁག་རྣམས་དང༌། གཞན་ཡང་དགེ་ཚུལ་སློང་རབ་ཏུ་མང་པོ་དང༌། རྫོང་ཁག་ཆེན་པོ་རྣམས་ཀྱི་མངའ་འོག་ཏུ་གཏོགས་སོ་