[A:༤༤༡]འཚལ་གྱི་བླ་མ་དང༌། མི་དཔོན་དང༌། དགོན་པ་དང༌། ཁྱིམ་བདག་འབྱོར་པ་དང་ལྡན་པ་རྣམས་ཏེ། དེ་དག་སོ་སོ་ནས་ཀྱང་རྨད་དུ་བྱུང་བའི་དད་པ་དང་སྤྲོ་བའི་ཆུ་གཏེར་གྱེན་དུ་འཕྱུར་བའི་སྟོབས་ཀྱིས་ལེགས་འབུལ་གྱི་དངོས་པོ་རྒྱ་ཆེ་ཞིང་དཔངས་མི་དམན་པ་སུམ་ཅུ་རྩ་གསུམ་པའི་དཔལ་དང་ལོངས་སྤྱོད་ཀྱི་ངོ་མཚར་ལའང་ཅོ་འདྲི་བར་བྱེད་པ་དག་བརྩེགས་ཏེ། མདོ་ཁམས་ཀྱི་བསྟན་འགྲོའི་མགོན་དུ་ལེགས་པར་མངའ་གསོལ་བས་སྐལ་བ་བཟང་པོའི་སྤྲིན་ཕུང་གསར་དུ་འཁྲིགས་པར་གྱུར་ཏོ། །དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་བསྔོ་བའི་ཡོན་བཤད་ཀྱི་འབེལ་གཏམ་རྒྱས་པར་སྤྲོ་བས་མཚམས་སྦྱར་ཏེ་བར་མ་དོར་ཆུད་མི་ཟ་བའི་སླད་དུ་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་རྒྱས་འདེབས་པར་མཛད་པ་དང༌། དེར་འདུས་པའི་སྐྱེ་བོ་རྣམས་ཀྱང་ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་ཐུགས་དམ་གྱི་ལྷ་ཁྱད་པར་ཅན་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་འཆི་མེད་ཚེའི་རྗེས་སུ་གནང་བའི་ཆོས་ཀྱི་བདུད་རྩིས་ཡིད་ཡོངས་སུ་ཚིམ་པར་མཛད་དོ། །དེ་དག་གི་དུས་ཀྱི་ཚེའང་ནམ་མཁའི་དབྱིངས་ཐམས་ཅད་ཁ་དོག་སྣ་ཚོགས་པའི་དབང་པོའི་གཞུ་རིས་པ་ཏྲའི་རི་མོ་ལྟར་འཁྱིལ་བ་དང༌། ལྗོན་ཤིང་ལྟར་གྱེས་པ་དང༌། བ་དན་ལྟར་འཕྱང་བ་ལ་སོགས་པའི་ངོ་མཚར་བའི་བཀོད་པ་མང་པོའང་གསར་དུ་ཤར་བར་གྱུར་ཏོ། །དེ་ནས་བཟུང་སྟེ་དགུང་གྲངས་དྲུག་ཅུ་པ་ས་ཕོ་སྤྲེའུ་ལོའི་བར་མདོ་ཁམས་སུ་བཞུགས་པའི་སྐབས། མདོ་སྨད་ཀྱི་ཕྱོགས་འགའ་དང༌། ཆོས་རྒྱལ་ཆེན་པོའི་ཆབ་སྲིད་ལའང་ཅུང་ཟད་མཐོ་འཚམ་པ་རྩེ་བའི་ཚོས་ལོར་གྲགས་པའི་ཁྲོམ་པ་སྡེ་དང་བཅས་ལ་དཔུང་གི་སྦྱོར་བ་བཤམས་པ་ཙམ་གྱིས་དབང་དུ་འདུས་པས་མཚོན། རྗེ་ཉིད་ཀྱི་