[A:༤༤༢]ཐུགས་རྗེའི་བྱིན་རླབས་ཚད་མེད་པས་བདག་པོ་ཆེན་པོ་སྐུ་མཆེད་རྣམས་ཀྱང་སྐུ་ལ་སྙུན་མེད་ཅིང༌། མངའ་རིས་སུ་གཏོགས་པ་མཐའ་དག་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ་སོགས་སྡེ་བཞིའི་དགེ་མཚན་གྱི་དཔལ་རབ་ཏུ་རྒྱས་ཤིང༌། མེ་ཕོ་རྟའི་ལོར་སྦྱིན་བདག་ཆེན་པོའི་ལྕམ་སྔ་མ་ལ་རིགས་བརྒྱུད་མེད་པས། དར་མདོ་ལྕགས་ལའི་སྲས་མོ་ཁབ་ཏུ་བཞེས་པའི་ཚེའང་ལེགས་ལམ་གྱི་སྣང་བ་བརྒྱས་པར་སྤེལ་བའི་ཐུགས་དམ་སྐྱབས་འཇུག་གི་བཀའ་དྲིན་བསྐྱངས་པ་ལ་བརྟེན་ནས་སྤྲུལ་པའི་གདུང་རབས་རྒྱུན་མི་འཆད་པའི་དགེ་མཚན་མངོན་དུ་གྱུར། དེས་མཚོན་ཏེ་འབྲི་ཆུ་རོང་འགྲིམ་གྱི་མེ་ཏོག་ལ་ལན་ཅིག་དང༌། རྫ་ཁོག་དང་སྒ་སྟོད་ཀྱི་ཕྱོགས་སུ་ལན་ཅིག་དང༌། སྨད་ཤོད་ཕྱོགས་སུ་སྦྱིན་བདག་དད་པ་ཅན་རྣམས་ཀྱིས་གདན་དྲངས་པའི་ངོར་ལན་བཞི་ཙམ་ཕེབས། དེ་ཐམས་ཅད་དུའང་འཕྲལ་ཡུན་གྱི་འགལ་རྐྱེན་མཐའ་དག་ཞི་ཞིང༌། མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་གོང་འཕེལ་དུ་མཛད་པ་དང༌། ཁྱད་པར་དུའང་གདུལ་བྱ་སོ་སོའི་བློའི་རིམ་པ་དང་བསྟུན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ། སྐྱེ་བོ་ཕལ་ཆེ་བ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང་བསླབ་པའི་གཞི་བཟུང་བ་ལ་བཀོད། འགའ་ཞིག་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་འཁོར་བ་ལས་མངོན་པར་འཕགས་པའི་གནས་ལ་བཀོད། ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྩལ་ཏེ་ཐེག་པ་ཆེན་པོའི་རིགས་སུ་བཀོད། ལ་ལ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོར་སྨིན་པར་བྱས་ཏེ་རིང་པོར་མི་ཐོགས་པར་རྣམ་པར་གྲོལ་བའི་སྐལ་བ་དང་ལྡན་པར་མཛད་དོ། །མདོར་ན་སྐྱེ་བོ་ཕལ་ཆེ་བ་སངས་རྒྱས་ལ་གཞོལ་བ་དང༌།