[A:༤༤༣] དམ་པའི་ཆོས་ལ་འབབས་པ་དང༌། དགེ་འདུན་ལ་བཞག་པར་མཛད་དེ་སྟོན་མཆོག་ཐུབ་པའི་དབང་པོའི་བསྟན་པ་རིན་པོ་ཆེ་ཉི་འོད་ཀྱིས་ཕྱེས་པའི་པདྨོ་བཞིན་དུ་རྣམ་པར་རྒྱས་པར་མཛད་དོ། །གཞན་ཡང་བདག་ཉིན་ཆེན་པོ་འདིས་ནི་སྤངས་པ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་བཞིན་རྣམ་པ་ཀུན་ཏུ་སྦ་བར་མཛད་པ་མ་གཏོགས། དོན་ལ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཤིང༌། སྟོབས་དང་རྫུ་འཕྲུལ་ཐམས་ཅད་ཀྱང་འཕགས་ཡུལ་གྱི་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་དང་ཁྱད་པར་ཅུང་ཟད་ཀྱང་མེད་པར་མངོན་ཏེ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རྗེ་འདི་དགུང་གྲངས་ང་དྲུག་ཏུ་ཕེབས་པའི་ཤིང་ཕོ་འབྲུག་གི་ལོར་སྨད་ཤོད་གདོང་སྣ་བླ་བྲང་གིས་གདན་དྲངས་ཏེ་སྨད་ཤོད་དུ་ཚར་དང་པོ་ཕེབས་པའི་སྐབས་ཚུར་ལམ་ཧག་ལ་ཤུག་རྩིབས་ཟེར་བ་དེར་སྐུ་བསངས་ཞིག་མཛད་ཞོར་དུ། ཤིན་ཏུ་སྲ་ཞིང་མཁྲེགས་པའི་རྡོའི་ངོས་སུ་འཇིམ་པ་ལ་བྲིས་པ་བཞིན་དུ་ཕྱག་སེན་གྱིས་མ་ཎི་བྲི་བར་མཛད་པའི་རྗེས་ཤིན་ཏུ་གསལ་བ་དེང་སང་ཐམས་ཅད་ཀྱིས་མིག་གིས་མངོན་སུམ་དུ་མཇལ་དུ་ཡོད་པ་དེ་ཡིན་ལ། དེ་རྗེས་ཐམས་ཅད་ཀྱིས་འདི་ལྟ་བུའི་རྫུ་འཕྲུལ་བསྟན་པ་ངོ་མཚར་ཆེ་ཞེས་རྗེ་ཉིད་ལ་གསོལ་བ་ན། ང་ལ་དེ་ལྟ་བུ་ནུས་པའི་སྟོབས་དང་རྫུ་འཕྲུལ་ཅིའང་མེད་ཅེས་གསུངས་ཤིང་ཡོན་ཏན་ཐམས་ཅད་སྦ་བར་མཛད་པར་སྣང་ནའང་སྐྱེ་བོ་ཐམས་ཅད་ལ་མངོན་སུམ་ཚད་མས་གྲུབ་པ་ཡིན་ནོ། །གཞན་ཡང་སྡེ་གཞུང་དང༌། གོ་འཇོ་སོགས་ནས་གདན་འདྲེན་ཞུ་མི་འབྱོར་ཡང་དེ་དག་ཏུ་མ་ཕེབས་པར་གཙོ་བོར་སྡེ་དགེ་ལྷུན་གྲུབ་སྟེང་གི་ཕན་བདེ་ཀུན་ཁྱབ་གླིང་གི་བླ་བྲང་རང་དུ་བཞུགས། སྒ་སྟོད་དུ་ཕེབས་སྐབས་མ་གཏོགས་ལོ་རེ་བཞིན་དགོན་དེའི་དྲུག་ཅུ་དང༌། འདུ་བ་ཆེན་མོ་ཞེས་