[A:༦༢༢] ལོག་པར་རྟོག་པ་དང༌། ཐེ་ཚོམ་གྱི་དབང་དུ་གྱུར་པས་བརྩད་ཅིང་བྲིས་པ་རྣམས་ལ་ཤིན་ཏུ་ཐུགས་རངས་ཤིང་སྤོབས་པ་གཟེངས་མཐོ་བའི་སྒོ་ནས་ཆོས་དང་མཐུན་པའི་ལན་གྱིས་དེ་དག་གི་དོན་ནི་འདི་ཁོ་ནའོ། །ཞེས་ཕ་རོལ་པོ་དག་ངེས་ཤེས་གཏིང་ནས་སྐྱེ་ཞིང་སྒྲོ་འདོགས་ཆོད་པར་མཛད་པ་ཡིན་ཏེ། དཔེར་ན་བྱང་ཆུབ་སེམས་དཔའ་བློ་གྲོས་སྙིང་པོས་བདག་ཅག་གི་སྟོན་པ་ལ་དེ་བཞིན་གཤེགས་པའི་སྙིང་པོ་ལས་བརྩམས་ཏེ་བརྒལ་ཞིང་བརྟགས་པའི་ལན་གྱི་རིམ་པ་ཇི་སྐད་བཀའ་སྩལ་པ་ལྟ་བུའོ། །གཞན་ཡང་གཞུང་ལུགས་རྒྱ་ཆེན་པོ་འགའ་ཞིག་གི་དཀའ་བའི་གནད་རྣམས་འཆད་པ་ན་མདོ་རྒྱུད་གཞན་ནས་འབྱུང་བའམ། གཞུང་དེ་ཉིད་ཀྱི་སྐབས་སུའང་རུང་སྟེ། ཕན་ཚུན་འགལ་བར་སྣང་བ་ལྟ་བུ་ལ་འདི་དང་འདི་མི་འགལ་ལམ། ཇི་ལྟར་ཡིན་ཞེ་ན་ཞེས་པ་ལྟ་བུའི་དྲི་བའམ་རྩོད་པ་སྔོན་དུ་བཀོད་དེ། དེའི་ལན་ལུང་རིགས་དང་མཐུན་པར་བཤད་པས་གཞུང་གི་འགལ་བ་སྤངས་ཤིང་དགོངས་དོན་འབད་མེད་དུ་རྟོགས་པར་མཛད་པ་ནི་མཐའ་ཡས་ལ། དེར་མ་ཟད་སྔོན་གྱི་དུས་སུ་བྱོན་པའི་མཁས་པ་ཆེན་པོ་རྣམས་དང༌། ད་ལྟར་བཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་བཞེད་པའི་རྣམ་གྲངས་མ་འདྲེས་པར་སོ་སོར་བཀོད་དེ། དེ་དག་ཀྱང་གོང་དུ་བཤད་པ་ལྟར་རང་ཉིད་ཀྱི་གྲུབ་མཐའ་ཡིན་པ་རྒྱུ་མཚན་དུ་བྱས་ནས་དེ་ལ་མཆོག་ཏུ་ཞེན་ཅིང༌། གཞན་གྱི་གྲུབ་མཐའ་ལ་ཁྱད་དུ་གསད་འདོད་ཀྱིས་ངན་དུ་སྨྲ་བ་སོགས་ཕྱོགས་ལྷུང་གི་དྲི་མ་ཙམ་ཡང་མེད་པར་བསྟན་པ་རྣམ་པར་དག་པ་འབའ་ཞིག་གི་ཆེད་དུ་དགོངས་ཏེ། འདིའི་ཕྱོགས་ནི་འཐད་པའོ། །འདི་དང་འདི་དག་ནི་མི་འཐད་པའོ། །ཞེས་ལན་གྱིས་ཟློག་པར་མི་ནུས་པའི་རིགས་ཚོགས་མཐའ་ཡས་པ་དང༌། དེ་དག་གི་རྒྱབ་རྟེན་དུ་འཇིག་རྟེན་གསུམ་ན་ཚད་མར་གྱུར་པའི་བཀའ་དང་