R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༣༦
[A:༥༣༦]པ། །བདག་གི་ལྕེ་འདི་ཉིད་ཀྱིས་ཀོ །སྙིང་པོ་ཅིའི་ཕྱིར་ལེན་མི་བྱ། །ཞེས་གསུངས་པ་ལྟར་བདག་ཉིད་ཀྱི་ལུས་དང་ལྕེའི་དབང་པོ་དོན་ཡོད་པར་འགྱུར་བ་དང༌། མཐར་ཐུག་ངག་གི་སྒྲིབ་པ་ཐམས་ཅད་ལས་ཡོངས་སུ་གྲོལ་ཏེ་བདེ་བར་གཤེགས་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་འཐོབ་པར་འགྱུར་བ་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བསམ་གྱིས་མི་ཁྱབ་པ་འགྲུབ་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་དུ་ངེས་པའི་ཕྱིར་རོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་སྐྱེས་བུ་བློ་གྲོས་དང་ལྡན་པ་དག་གིས་སྐྱེ་བའི་ཕྲེང་བ་གྲངས་མེད་པ་དག་ཏུ་རྙེད་པར་དཀའ་བའི་རྟོགས་བརྗོད་རིན་པོ་ཆེ་མེ་ཏོག་མནྡཱ་རའི་ཆུན་འཕྱང་ལྟ་བུ་འདི་དག་དད་གུས་ཀྱི་སོར་རྩེས་བླངས་ཏེ་ཐོས་འཛིན་གྱི་རྒྱན་དུ་བྱོས་ཤིག་དང༌། རྣམ་པ་ཐམས་ཅད་དུ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པས་མཛེས་པར་འགྱུར་བར་གདོན་མི་ཟ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང༌། རིགས་ཐམས་ཅད་ཀྱི་ནང་ནས་བླ་མར་གྱུར་པ་ཤཱཀྱ་རྣམས་ཀྱི་སྐྱེ་བའི་རབས་བཟུང་ཞིང་ཀུན་ཆུབ་པར་བྱས་ནས་གཞན་ལ་རྒྱ་ཆེར་བསྙད་ན་ཆོས་དང་མཐུན་ཞིང་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འབྱུང་ལ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཕེལ་བར་བྱེད་དོ། །ཞེས་རིགས་གང་ལས་སྐྱེས་བུ་དམ་པ་བྱོན་པའི་སྔོན་གྱི་རབས་བསྙད་ན་བསོད་ནམས་མང་དུ་ཐོབ་པར་གསུངས་ན། བདག་གཞན་གྱི་རྒྱུད་ལ་སངས་རྒྱས་ཀྱི་ཡེ་ཤེས་སྐྱེད་པར་མཛད་པའི་བླ་མ་རྡོ་རྗེ་སློབ་དཔོན་གྱི་ཕུལ་དུ་བྱུང་བའི་མཛད་པ་བརྗོད་པ་ལས་ངེས་པར་བརྩམས་པའི་ཆོས་ཀྱི་བདུད་རྩི་ལ་ལོངས་སྤྱོད་པས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འཕེལ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །དེ་ལྟར་དགོས་པ་གྱ་ནོམ་པ་དང་ལྡན་པའི་ཚིག་གི་སྦྱོར་བ་འགའ་ཞིག་སྔོན་དུ་བརྗོད་ནས། སྐབས་