R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༤༠
[A:༥༤༠]ནུ་ཁ་བྱེ་མ་ཐག་པ་ལྟ་བུར་མཛེས་ཤིང་ཡིད་དུ་འོང་བ། དབུ་གདུགས་ལྟར་འདུག་པ། དཔྲལ་བའི་དབྱེས་ཆེ་བ། ཤངས་ཀྱི་གཟེངས་མཐོ་བ་སོགས་སྐྱེས་བུ་ཆེན་པོའི་མཚན་བཟང་དྲི་མ་མེད་པ་དང་ལྡན་པས་ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོགས་པར་གྱུར་ཏོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ཁྱེའུ་ཟླ་བ་ཚེས་པ་ལྟ་བུ་དེ་ཉིད་དཀར་གསུམ་ལ་སོགས་པ་ཁ་ཟས་ཀྱི་ཁྱད་པར་སྡིག་དང་མ་འདྲེས་པ་དག་གིས་སྨན་གྱི་ཤིང་ལྗོན་པ་བཞིན་རིམ་གྱིས་སྐྱེད་བསྲིངས་པ་སྟེ། དེའང་རེ་ཞིག་ཚུ་རོལ་མཐོང་བ་རྣམས་ཀྱི་སྣང་ངོར་ལང་ཚོའི་མེ་ཏོག་ཐོག་མ་ཉིད་དུ་གྱུར་པའི་གནས་སྐབས་ནའང་ལུས་ངག་ཡིད་གསུམ་བག་མེད་དུ་གྱུར་པའི་རྩེད་མོར་གཡེང་བ་སོགས་ཐ་མལ་པའི་བྱིས་པའི་སྤྱོད་པ་ལས་ཤིན་ཏུ་འདས་ཏེ་ཞི་བ་དང༌། དུལ་བ་དང༌། བག་ཡོད་པ་དང༌། ཀུན་སྤྱོད་གཙང་བ་དང༌། ཡབ་ཡུམ་ལ་སོགས་པ་ཡོན་ཏན་དང་ན་ཚོད་ཀྱིས་རྒན་པ་རྣམས་ལ་གུས་ཤིང་ཞེ་ས་དང་ལྡན་པ་དང༌། དམན་པ་རྣམས་ལ་ལྷག་པར་བྱམས་པ་ལ་སོགས་པ་ཡ་རབས་ཀྱི་སྤྱོད་པ་ཕུན་སུམ་ཚོགས་པ་ཉིན་རེ་བཞིན་ཡང་གོང་ནས་གོང་དུ་འཕེལ་བས་དམ་པའི་རང་བཞིན་རྣམ་པ་མང་པོ་མངོན་སུམ་དུ་གསལ་བར་གྱུར་ལ། ཁྱད་པར་དུའང༌། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་སྡུག་ཅིང་ཕོངས་པའི་སེམས་ཅན་དག་གཟིགས་པའམ་གསན་པ་ཙམ་གྱིས་མི་བཟོད་པའི་སྙིང་རྗེ་དྲག་པོས་སྤྱན་ཆབ་རང་དབང་མེད་པར་ལྡང་བ་དང༌། ཆོས་དང་ཆོས་སྨྲ་བ་དག་ལ་བདུད་ལས་ཀྱིས་མི་ཕྱེད་པའི་དད་པ་བརྟན་པོ་དང༌། གཞན་གྱི་དོན་དུ་ཚ་གྲང་དང་ངལ་དུབ་ལ་སོགས་པ་ལ་ཇི་སྙམ་དུ་མི་སེམས་