R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༤༡
[A:༥༤༡]པའི་བཟོད་པ་ཆེན་པོ་དང༌། སློང་བ་འགའ་ཞིག་སྤྱན་ལམ་དུ་འོང་བར་གཟིགས་ན། སྐྱེ་བོ་མཛའ་བཤེས་བྱེས་ནས་འོང་བ་དག །མཐོང་བར་གྱུར་པའི་དགའ་བའི་མིག་བགྲད་བཞིན། །སློང་བའི་ཚིག་ནི་གཏམ་སྙན་ཐོས་བཞིན་དགའ། །བྱིན་ནས་དགའ་བ་སློང་བ་བས་ཀྱང་ལྷག །ཅེས་གསུངས་པ་ལྟ་བུའི་སྒོ་ནས་ལུས་དང་ལོངས་སྤྱོད་ལ་སོགས་པ་ཇི་ལྟར་འདོད་པའི་སྦྱིན་པས་ཕ་རོལ་པོའི་བསམ་པ་རྫོགས་པར་མཛད་པ་སོགས་དགེ་བའི་བྱ་བ་རྣམས་ལ་པདྨོའི་མཚོ་ལ་ངང་མོ་འཇུག་པ་ལྟར་ངང་གིས་འཇུག་པ་ཞིག་གོ །ཞེས་ཐོས་ལ། ལྷག་པར་དགུང་ལོ་གསུམ་ཙམ་བཞེས་པའི་སྐབས་ཡབ་ཡུམ་རྣམས་དང་ལྷན་ཅིག་དབུས་གཙང་གི་གནས་ཁྱད་པར་ཅན་རྣམས་མཇལ་ཞིང་བསྐོར་བའི་སླད་དུ་ཕེབ་པ་ན། ཚེ་ཆུ་འབུམ་པ་ཡིན་སྙམ་པའི་མཆོད་རྟེན་ཞིག་གི་བུམ་སྒོའི་ནང་ནས་ལྷའི་གཟུགས་ཁྱད་པར་དུ་འཕགས་པ་ཞིག་གིས་བུམ་པ་བདུད་རྩིས་གང་བ་ཐོགས་ནས་རྗེ་ཉིད་ཀྱི་དབུ་དང་ལྗགས་ཐོག་ཏུ་བདུད་རྩི་བྱིན་པ་མངོན་སུམ་དུ་གསལ་བར་གཟིགས་སོ་ཞེས་རྗེ་ཉིད་ནས་ཇི་ལྟར་བཀའ་སྩལ་པ་ལྟར་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་རིན་ཆེན་རྡོ་རྗེའི་ཞལ་ལས་བདག་གིས་ཐོས་སོ། །རབ་མཛེས་མེ་ཏོག་གསར་པའི་དོ་ཤལ་དང༌། །ཆུ་འཛིན་དཀར་པོ་སྟོད་གཡོགས་མཛེས་པ་ཅན། །མཐོ་རིས་དགའ་བ་འཐུལ་བའི་ཞིང་ཁམས་དང༌། །འཇིག་རྟེན་འདི་ན་ཁ་བ་ཅན་དུ་གྲགས། །འདོད་རྒུའི་རི་མོས་བཀྲ་བའི་ཡུལ་ལྗོངས་འདིར། །ཡེ་ཤེས་གཟིགས་པའི་སྤྱན་ཟུར་ལྷུང་གྱུར་པའི། །སྐལ་བཟང་འགྲོ་བ་ཀུན་གྱི་བསོད་ནམས་ནི། །འཇིག་རྟེན་མེས་པོ་ཡིས་ཀྱང་གཞལ་བར་དཀའ། །དྭངས་པའི་མཚོ་ལ་ཤར་བའི་ཟླ་གཟུགས་བཞིན། །སྲིད་པ་ཡོངས་སུ་གཟུང་བའི་སྒྱུ་འཕྲུལ་གཟུགས། །ལང་ཚོའི་མེ་