R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༤༢
[A:༥༤༢]ཏོག་འབར་བ་འཛིན་བཟོད་པའི། །ཟླ་བའི་བཞིན་ལྡན་མ་དེ་ཇི་ལྟ་བུ། །མཛེས་སྡུག་འཁྱིལ་བ་ལྷ་མོའི་བདུད་རྩི་ལས། །སྨན་གྱི་ལྗོན་ཤིང་ལྟ་བུའི་ཁྱེའུ་ཞིག །དབང་པོའི་དྭངས་མ་བཞིན་དུ་འཁྲུངས་མཐོང་ནས། །འགྲོ་བའི་མིག་ནི་རེ་ཞིག་གཡོ་མ་གྱུར། །མཛེས་ལྡན་གཞོན་ནུའི་ལུས་ཀྱི་མྱུ་གུ་གང༌། །ཐོག་མར་གྱུར་ཀྱང་ཞི་ཞིང་དུལ་ལ་སོགས། །བསམ་མི་ཁྱབ་པའི་ལྷན་སྐྱེས་ཡོན་ཏན་ནི། །བདུད་རྩིའི་རང་བཞིན་ཅན་གྱི་ཟླ་བ་བཞིན། །ཞེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ་ལས། སེམས་ཅན་གྱི་དོན་དུ་སྐུའི་སྐྱེ་བ་ཡོངས་སུ་གཟུང་ཞིང་གཞོན་ནུའི་རོལ་རྩེད་མཛད་པའི་སྐབས་ཏེ་དང་པོའོ།། །། ༈ དེ་ནས་དགུང་གྲངས་བཞིར་སོན་པའི་སྐབས་ཤིག་འདི་ལྟར་དགོངས་པར་གསལ་ཏེ། ཁྱིམ་ན་གནས་པ་ནི་བུ་དང་ཆུང་མ་ལ་སོགས་པ་འདོད་པའི་ཡོན་ཏན་དུག་ཆུ་ལྟ་བུ་དང་འདྲེས་པས་མངོན་པར་ཟིན་པའི་དབང་གིས་ཁྱིམ་གྱི་སོ་ཚིས་དང་ལོངས་སྤྱོད་ཀྱི་རྩོལ་སྒྲུབ་ལ་སོགས་པ་གཡེང་བ་ཁོ་ནས་རྟག་ཏུ་མནར་བའི་ཕྱིར་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པའི་སྐབས་དང་བྲལ་ཞིང་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་འགྱུར་ལ། གང་དག་ཁྱིམ་གྱི་དཔལ་འབྱོར་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་སྤངས་ཏེ་ཙནྡན་དང་ཟླ་འོད་ཀྱིས་རེག་པ་ལྟར་བསིལ་བའི་དགོན་པའི་གནས་ཉམས་དགའ་བ་དག་ཏུ་ཞུགས་ནས་རབ་ཏུ་བྱུང་བའི་བརྟུལ་ཞུགས་ཡང་དག་པར་ལེན་པ་རྣམས་ནི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པར་མྱུར་དུ་འགྲུབ་པར་འགྱུར་བ་ཡིན་ཏེ། འཇམ་དཔལ་གྱིས་སངས་