R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༤༣
[A:༥༤༣]རྒྱས་ཀྱི་ཞིང་གི་བཀོད་པ་བསྟན་པའི་མདོ་ལས་ཀྱང༌། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་རྣམས་ལ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས་པ་བས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་དབེན་པ་འདོད་ཅིང་དགོན་པ་ལ་སོགས་སུ་ཕྱོགས་ཏེ་གོམ་པ་བདུན་བོར་ན་འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་བསྐྱེད་དོ། །ཆེས་མྱུར་དུ་བྱང་ཆུབ་འཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བས་ན་སྙིང་པོ་མེད་པའི་ཁྱིམ་གྱི་འབྱོར་པ་མཐའ་དག་མྱུར་དུ་སྤངས་ནས་དབེན་པའི་གནས་སུ་བགྲོད་དེ་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་པའི་ཐབས་ཀྱིས་དད་པ་ཅན་རྣམས་ཚུལ་འདི་ལྟ་བུ་ལ་འགོད་པའི་དུས་ལ་ངེས་པར་བབ་པའོ་སྙམ་དུ་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཀྱི་རྒྱ་མཚོ་ཆེན་པོ་ལས་ཐོན་པའི་ཐབས་མཁས་ཀྱི་དགོངས་པ་བླ་ན་མེད་པ་ཟླ་བ་ཚེས་པ་ལྟ་བུས་ཐུགས་རྒྱུད་ཡོངས་སུ་བསྐུལ་ཏེ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝྃ་ཆོས་ལྡན་དུ་ཕེབ། ལོ་དེར་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་སྡེ་དགེ་ཆོས་རྒྱལ་ཆེན་པོ་དང་ལྷན་ཅིག་བོད་དུ་ཕེབ་པར་བརྟེན་དགུང་གྲངས་ལྔ་པ་ཆུ་མོ་སྦྲུལ་གྱི་ལོར་རྗེ་ཉིད་ཀྱི་དྲུང་དུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ། མཚན་ལ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ཞེས་སྩལ། དེ་ནས་བཟུང་དགུང་གྲངས་བཅུ་གཅིག་ཏུ་མ་ཕེབས་ཀྱི་བར་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོའི་ཞབས་དྲུང་དུ་བསྙེན་ཏེ་སྔོན་གྱི་དུས་སུ་རྒྱལ་བུ་གཞོན་ནུ་དོན་ཐམས་ཅད་གྲུབ་པས་བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་སོགས་ལས་ཡི་གེ་དང་རྩིས་ལ་སོགས་