R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༤༤
[A:༥༤༤]པ་སྦྱོང་བའི་ཚུལ་བསྟན་པ་ལྟར་ཡི་གེའི་ཕྱི་མོ་ཀློག་ལ་སོགས་པ་གཟིགས་པ་ཙམ་གྱིས་ཚེགས་མེད་པར་མཁྱེན་པའི་ཚུལ་བསྟན། སླར་ཡང་ཨེ་ཝྃ་པའི་འདོན་ཚོགས་ཡོངས་སུ་རྫོགས་པ་ཐུགས་འཛིན་དང༌། དེ་དག་གི་ཕྱག་ལེན་ཕྲ་མོ་ཚུན་ཆད་མཐར་ཕྱིན་པར་མཛད་ཅིང༌། དེར་མ་ཟད་དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པ་དང༌། འཇམ་མགོན་ས་སྐྱ་པཎྜི་ཏས་མཛད་པའི་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཚུལ་གསུམ་མཛེས་རྒྱན་དང༌། ལྗོན་ཤིང་མཛེས་རྒྱན་ཏེ་ངོར་པའི་རྒྱུད་ཆུང་བཞིར་གྲགས་པ་རྣམས་ཐུགས་ལ་བཟུང་སྟེ་བླ་བྲང་དུ་གཏོང་བར་མཛད། དགུང་གྲངས་བཅུ་གཉིས་སུ་སོན་པ་ཀུན་ལྡན་གྱི་ལོའི་ཧོར་ཟླ་གཉིས་པའི་ཡར་ཚེས་ནང་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཀུན་གྱི་གཙུག་གི་ནོར་བུ་མཁན་ཆེན་ཐམས་ཅད་མཁྱེན་གཟིགས་རྣལ་འབྱོར་འཇམ་དཔལ་བཟང་པོས་མཁན་པོ་དང༌། ལས་ཀྱི་སློབ་དཔོན་མཁས་པའི་དབང་པོ་འཇམ་དབྱངས་གྲགས་པ་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཆོ་ག་རྣམ་པར་དག་པའི་སྒོ་ནས་གསན་ཏེ། དེའི་བསླབ་བྱ་བླངས་འདས་སུམ་ཅུ་རྩ་གསུམ་ཕྱོགས་མཐུན་དང་བཅས་པ་ཕྲ་མོ་ཙམ་ཡང་མ་ཉམས་པར་མིག་གི་འབྲས་བུ་ལྟར་གཅེས་པའི་སྒོ་ནས་སྲུང་སྡོམ་ཚུལ་བཞིན་དུ་མཛད་དོ། །ཁྱད་པར་བསྙེན་པར་རྫོགས་པའི་སྡོམ་པ་ནི་ཕྱིས་དགུང་གྲངས་ཉེར་གཅིག་པའི་ཚེ་བཞེས་པ་ཡིན་ནའང་གཞི་ཚུལ་ཁྲིམས་རྣམ་པར་དག་པའི་དབང་དུ་བྱས་ཏེ་འདིར་སྡོམ་པ་གསུམ་གྱི་གོ་རིམ་དང་མཐུན་པར་ཕྱོགས་གཅིག་ཏུ་བརྗོད་ན། དེའང་ནམ་མཁའ་དང་མཉམ་པའི་སེམས་ཅད་ཐམས་ཅད་ཀྱི་དོན་དུ་སྲིད་ཞིའི་མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པའི་ཁང་བཟང་དམ་པར་