R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༤༥
[A:༥༤༥]མངོན་དུ་འཇུག་པའི་ཐེམ་སྐས་འོག་མ་དང་འདྲ་བ་ནི་གཞི་ཚུལ་ཁྲིམས་ཀྱི་བསླབ་པ་ཉིད་ཡིན་ཞིང༌། དེར་མ་ཟད་བླ་ན་མེད་པའི་བྱང་ཆུབ་ཀྱི་དངོས་རྒྱུ་དམིགས་པ་ལ་སེམས་རྩེ་གཅིག་པའི་བསམ་གཏན་ལས་བྱུང་བའི་ཟག་མེད་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེད་པའི་གཞིའང་ཚུལ་ཁྲིམས་རྣམ་པར་དག་པ་ཉིད་ཡིན་པར་གཟིགས་ཤིང༌། ཚུལ་ཁྲིམས་དེའང་ཚེ་འདི་དང་ཕྱི་མའི་སྡུག་བསྔལ་ལས་བྲལ་བ་དང༌། དེ་དག་གི་བདེ་སྐྱིད་ཙམ་དོན་དུ་གཉེར་བའི་སྒོ་ནས་ལེན་པ་འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཚུལ་ཁྲིམས་ལྟ་བུ་མ་ཡིན་པར་ཁམས་གསུམ་འཁོར་བའི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་ཐར་པ་མྱང་འདས་འཐོབ་འདོད་ཀྱི་བསམ་པ་རྣམ་པར་དག་པ་དང༌། དེའང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་ཆེན་པོའི་སྒོ་ནས་མཐར་ཐུག་གི་མྱང་འདས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་མྱུར་དུ་འཐོབ་པར་བཞེད་པའི་ངེས་འབྱུང་གི་བསམ་པ་རྣམ་པར་དག་པས་ཐུགས་རྒྱུད་ཡོངས་སུ་དྲངས་ཏེ། དེའང་དུས་འཁོར་རྩ་རྒྱུད་ལས། རྟེན་ནི་གསུམ་ལས་དགེ་སློང་མཆོག །འབྲིང་ནི་དགེ་ཚུལ་ཡིན་པར་འདོད། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་གསུངས་པ་ལྟར་རྟེན་རྣམས་ཀྱི་ནང་ནས་གསང་སྔགས་ཀྱི་དབང་བསྐུར་བ་དང་རྒྱུད་བཤད་པ་ལ་སོགས་པ་རྡོ་རྗེ་སློབ་དཔོན་ཁྱད་པར་ཅན་དུ་འགྱུར་བ་ནི་བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་པ་ལ་ལྟོས་པའི་ཕྱིར་སོ་ཐར་རིགས་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དགེ་སློང་གི་དངོས་པོ་སྒྲུབ་པ་ཉིད་ཡིན་པར་དགོངས་ནས། དགུང་གྲངས་ཉེར་གཅིག་ཏུ་ཕེབ་པ་ས་མོ་བྱའི་ལོའི་ཧོར་ཟླ་གཉིས་པའི་ནང༌། ཇི་སྐད་དུ། སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་