R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༤༦
[A:༥༤༦]ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་ཀྱིས་བརྩོན་པ། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་གསུངས་པ་ལྟར་བཙུན་པ་བརྟན་པའི་ཡོན་ཏན་དང༌། མཁས་ཤིང་ཕན་འདོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན། བྱམས་པ་ཀུན་དགའ་བསྟན་འཛིན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་མཁན་པོ་དང༌། ལས་ཀྱི་སློབ་དཔོན་སྐྱེ་རྒུའི་སྐྱབས་གཅིག་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དང༌། གསང་སྟེ་སྟོན་པའི་སློབ་དཔོན་གསུང་རབ་དགོངས་འགྲེལ་དང་བཅས་པའི་གླེབས་བམ་གཅིག་པུར་གྱུར་པ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་ལ་སོགས་པ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་གསུམ་རིམ་ཅན་གྱི་སྡོམ་པ་རྣམ་པར་དག་པ་ལེགས་པར་བཞེས་ཏེ་འདོད་པའི་དབང་ཕྱུག་དཔུང་དང་བཅས་པ་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྲིད་པའི་རྩེ་མོའི་བར་དུ་བསྒྲེངས་པར་མཛད་དོ། །དེ་ལྟར་རྗེ་བཙུན་དམ་པ་འདིས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས་པ་ན་ནག་པོའི་ཕྱོགས་ལ་དགའ་བ་རྣམས་དང་ལྷ་མ་ཡིན་གྱི་རིས་རྣམས་ནི་ཡོངས་སུ་འགྲིབས། བསྟན་པ་རིན་པོ་ཆེ་དང་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ལྷ་དང་མིའི་ཕྱོགས་ནི་ཟླ་བ་ཡར་གྱི་ངོ་བཞིན་གོང་ནས་གོང་དུ་འཕེལ་བར་གྱུར་ཏེ། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་སྙན་གྲགས་ཀྱི་འུར་ཆེན་པོ་ལངས་པ་ལ་བརྟེན་ནས་ས་བླའི་ལྷ་རྣམས་ཀྱིས་རྒྱལ་ཆེན་རིས་བཞི་པ་དང༌། དེ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་པ་དང༌། དེ་དག་གིས་ཀྱང་འཐབ་བྲལ་ནས་འོག་མིན་གྱི་བར་དུ་བསྒྲགས་ཏེ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཡོངས་སུ་ཁྱབ་པར་གྱུར་ཏོ། །དེ་ལྟར་ན་ངེས་