R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༤༧
[A:༥༤༧]འབྱུང་གི་བསམ་པ་རྣམ་པར་དག་པའི་རྒྱུ་དང༌། མངོན་དུ་གྱུར་པ་བཅུའི་རྐྱེན་ཚོགས་པ་ལས་བྱུང་བའི་སེམས་པ་དགེ་བས་ས་བོན་དང་བཅས་པའི་ངོ་བོར་གྱུར་པའི་དགེ་སློང་གི་སྡོམ་པ་ལེགས་པར་བཞེས་པ་དེ་ནས་བརྩམས་ཏེ་དགག་པའི་བསླབ་བྱ་ལྟུང་བ་སྡེ་ལྔ་ཆར་གཏོགས་པ་དང་བཅས་པ། སྒྲུབ་པའི་བསླབ་བྱ་གཞི་གསུམ་གྱི་ལག་ལེན་ཕྲ་མོ་ཚུན་ཆོད། གནས་མལ་དང་ཡོ་བྱད་ལ་སོགས་པ་མཐའ་གཉིས་སྤངས་པའི་སྒོ་ནས་ལོངས་སྤྱོད་རུང་དུ་གནང་བ་ལ་སོགས་པ། མདོར་ན་བྱ་བ་དང་བྱ་བ་མ་ཡིན་པའི་ཆ་ཕལ་ཆེར་ཉན་ཐོས་ཀྱི་གཞུང་ལས་ཇི་ལྟར་འབྱུང་བ་ཉིད་གཞིར་བྱས་པའི་སྟེང་དུ་ལྟུང་བ་དང༌། ལྟུང་མེད་དང༌། ལྟུང་བའི་གཟུགས་བརྙན་དང༌། ལྟུང་བ་མེད་པའི་གཟུགས་བརྙན་སོགས་ཐེག་པ་ཆེན་པོའི་སྡེ་སྣོད་རིན་པོ་ཆེ་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་མ་འདྲེས་པར་གཏན་ལ་ཕབ་སྟེ་བླང་དོར་ཚུལ་བཞིན་དུ་མཛད་པ་སོགས། མདོར་ན་དགག་སྒྲུབ་གནང་གསུམ་གྱི་བསླབ་བྱ་ཕྲ་ཞིང་ཕྲ་བ་་རྣམས་ཀྱང་སྤྱན་གྱི་འབྲས་བུ་ལྟར་སྲུང་བར་མཛད་པ་ལ་བརྟེན་ནས་སྐུའི་གཟི་བརྗིད་ཉི་མ་ལྟར་འབར་བས་སྐྱེ་རྒུ་ཐམས་ཅད་ཟིལ་གྱིས་གནོན་པ་དང༌། སྤྱོད་ལམ་ཐམས་ཅད་མཛེས་ཤིང་ཡིད་དུ་འོང་བ། གང་དུ་བཞུགས་པའི་གནས་དང་ཉེ་འཁོར་ཐམས་ཅད་གཟི་བྱིན་གྱིས་ཁྱབ་ཅིང་བག་དྲོ་བ་དང༌། སྐུ་ལུས་དང་ན་བཟའ་སོགས་ལས་ཚུལ་ཁྲིམས་ཀྱི་དྲི་བཟང་པོ་ལྡང་བ་དང༌། མཆོག་དམན་ཐམས་ཅད་ཀྱིས་མཇལ་བའམ་གསུང་ཐོས་པ་ཙམ་གྱིས་སླར་མི་ལྡོག་པའི་དད་པ་བརྟན་པོ་གློ་བུར་དུ་རྙེད་པ་དང༌། ཐུགས་ཤིན་ཏུ་ཞི་ཞིང་དེས་པས་འཛུམ་པའི་གཞིན་དང༌། སྙན་པའི་གསུང་གིས་སྐྱེ་བོ་ཐམས་ཅད་དབུགས་དབྱུང་ཞིང་བདེ་བ་སྐྱེད་པར་མཛད་པ་དང༌། ཕ་རོལ་པོའི་ཡིད་དང་མི་མཐུན་པའི་བཀའ་བཀྱོན་པ་སོགས་རྣམ་འགྱུར་ཕྲ་མོ་ཙམ་