R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༤༨
[A:༥༤༨]སྐུ་ཚེའི་རིང་ལ་མཐོང་ཐོས་མེད་པ་ལྟ་བུ་ཡིན་ཀྱང༌། སྐུ་མདུན་དུ་མཇལ་བ་ན་ཐམས་ཅད་འཇིགས་ཤིང་བག་འཁུམས་ཏེ་སྤོབས་པ་རང་དབང་མེད་པར་ཞི་བ་དང༌། དགེ་འདུན་གྱི་ཚོགས་དབུར་བཞུགས་པ་སོགས་ཀྱི་ཚེའང་ཐམས་ཅད་སྐུ་གསུང་ཐུགས་ཀྱི་གཟི་བྱིན་གྱིས་ཤིན་ཏུ་འཇིགས་ཤིང་ཞུམས་པས་སྒོ་གསུམ་གྱི་སྤྱོད་པ་བག་ཡོད་པ་དང་ལྡན་པའི་སྒོ་ནས་བླང་དོར་གྱི་གནས་ལ་གཟོབ་པ་ཁོ་ན་ལྷུར་བྱེད་ཅིང༌། ཤིན་ཏུ་ཞི་བའི་གནས་ལ་བཀོད་པ་སོགས་ཡོན་ཏན་གྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་པ་སྟེ། མདོར་ན་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པར་དག་པ་ནི་སྦྱངས་པའི་ཡོན་ཏན་ལ་གནས་པའི་མཆོག་འཕགས་པ་འོད་སྲུང་ཆེན་པོ་དང༌། འདུལ་བ་འཛིན་པ་ཆེན་པོ་ཨུ་པ་ལཱི་ལ་སོགས་པ་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྣམ་ཐར་དང་ཚུལ་མཚུངས་པ་ཡིན་ནོ། །གཞན་ཡང་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་དྲུང་ནས་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་གསན་པ་དང༌། ཁྱད་པར་རྒྱལ་བའི་སྲས་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ཉིད་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོའི་རྣམ་རོལ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། བྱང་ཆུབ་ཏུ་ཞལ་གྱིས་བཞེས་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་སྤྱོད་པ་ན་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དྲི་མ་མེད་པའི་འོད་ཅེས་ཡོངས་སུ་གྲགས་པའི་དྲུང་ནས་ཤིང་རྟ་ཆེན་པོའི་ལུགས་སྲོལ་གཉིས་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་སྡོམ་པ་རྣམ་པར་དག་པ་ལེགས་པར་བཞེས་ཏེ་སྨོན་པ་སེམས་བསྐྱེད་པའི་བསླབ་བྱ་སེམས་བསྐྱེད་ཀྱི་ཡོན་ཏན་དྲན་པར་བྱ་བ་དང༌། ཡང་དང་ཡང་དུ་སེམས་བསྐྱེད་པ་དང༌། ཚོགས་གཉིས་གསག་པ་དང༌། སེམས་ཅན་བློས་མི་སྤོང་བ་དང༌། དཀར་ནག་གི་ཆོས་བཞིའི་བླང་དོར་ལ་བསླབ་པར་བྱ་བ་རྣམས་དང༌།