R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༤༩
[A:༥༤༩] འཇུག་པའི་བསླབ་བྱ་ནམ་མཁའི་སྙིང་པོའི་མདོའི་རྗེས་སུ་འབྲངས་ནས་སློབ་དཔོན་ཞི་བ་ལྷ་ལ་སོགས་པ་ལྟར་གྱི་བྱང་ཆུབ་སེམས་དཔའ་རྒྱལ་པོ་ལ་འབྱུང་བའི་ལྟུང་བ་ལྔ་དང༌། བློན་པོ་ལ་འབྱུང་བ་ལྔ་དང༌། ལས་དང་པོ་པ་ལ་འབྱུང་བ་བརྒྱད་དེ་རྩ་བའི་ལྟུང་བ་བཅོ་བརྒྱད་དང༌། འཕགས་པ་ཐོགས་མེད་རྗེས་འབྲང་དང་བཅས་པའི་ལུགས་ཀྱི་ཕམ་པའི་གནས་ལྟ་བུའི་ཉེས་བྱས་བཞི་དང༌། ཡན་ལག་གི་ཉེས་བྱས་བཞི་བཅུ་རྩ་དྲུག་དང་བཅས་པ་སྟེ། མདོར་ན་སྤང་བྱའི་གནས་ཕྲ་མོ་ཙམ་ལའང་ཉེས་ལྟུང་གི་དྲི་མས་མ་གོས་ཤིང༌། བསྒྲུབ་པར་བྱ་བ་བྱང་ཆུབ་སེམས་དཔའི་བསླབ་བྱའི་གཙོ་བོ་བདག་པས་གཞན་གཅེས་ཀྱི་རྟོག་པ་བཅོས་མ་མ་ཡིན་པ་ཡང་སྲིད་མང་པོར་གོམས་པ་མཐར་ཕྱིན་པའི་དབང་གིས་སྐུ་ན་ཤིན་ཏུ་ཕྲ་མོའི་དུས་ནས་བརྩམས་ཏེ་འབད་རྩོལ་ལ་མ་ལྟོས་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མངོན་དུ་གྱུར་པ་ཞིག་སྟེ། དེ་ཉིད་ཀྱི་ཕྱིར་འདབ་ཆགས་ལ་སོགས་པ་སེམས་ཅན་གྱི་རིགས་གཞན་གྱི་དོགས་པ་དང་བཅས་པ་རྣམས་ཀྱང་སྐུ་དྲུང་དུ་ཇི་སྙམ་དུའང་མི་སེམས་པར་ཤིན་ཏུ་བག་ཕབ་ཅིང་འཁོད་པ་ནི། དཔེར་ན་སྔ་དྲོའི་ཐུགས་དམ་གྲུབ་ནས་ཉི་གཟིགས་སོགས་སུ་ཅུང་ཟད་བཞུགས་པའི་ཚེ་འབྲས་སོགས་འབྲུའི་རིགས་ཕྱག་ཏུ་བསྣམས་ཏེ་བསྟན་པ་ནི་བྱིའུ་མཆིལ་པ་དག་ཀྱང་ཐེ་ཚོམ་མེད་པར་ཕྱག་མཐིལ་དུ་བབས་ཏེ་ལོངས་སྤྱོད་པ་སོགས་བྱང་ཆུབ་ཀྱི་སེམས་འབྱོངས་པའི་རྟགས་ངོ་མཚར་བ་མངའ་བ་དང༌། མགོན་པོ་བྱམས་པས། སྙིང་རྗེས་ཟིན་པའི་བརྩེ་ལྡན་རྣམས། །ཞི་ལའང་ཡིད་ནི་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་པར་འགྱུར་བ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་རང་ཉིད་ཀྱི་བཞེད་དོན་ལ་ཅུང་ཟད་ཙམ་ཡང་ལྟོས་པ་མེད་པར་མཛད་པ་ཐམས་ཅད་དངོས་དང་བརྒྱུད་པའི་