R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༥༠
[A:༥༥༠]སྒོ་ནས་སེམས་ཅན་ལ་ཕན་བདེ་འབྱུང་བའི་ཐབས་འབའ་ཞིག་ཏུ་སྤྱད་པ་དང༌། མི་སྲུན་པའི་སྐྱེ་བོ་ངན་པ་ཁ་ཅིག་གིས་སྐུར་པ་འདེབས་པ་དང༌། ལོག་སྒྲུབ་རྩོམ་པ་སོགས་ཇི་ལྟར་བགྱིས་ཀྱང་སེམས་ཅན་གྱི་རང་བཞིན་དུ་དགོངས་པས་ལྷག་པར་ཐུགས་རྗེ་ཆེན་པོ་བསྐྱེད་དེ། དེ་དག་ལ་གནོད་འགལ་དུ་གྱུར་པའི་ལས་ཕྲ་མོ་ཙམ་ཡང་མཛད་པ་མི་སྲིད་པའི་སྟེང་དུ་སླར་ཡང་ཕན་པ་ཁོ་ན་ལྷུར་མཛད་པ་སྟེ། བཀའ་ལས་ཀྱང༌། བྱང་ཆུབ་སེམས་ཀྱི་ཆེ་བ་ལ་ལྟོས་དང༌། འདི་ལྟར། འཇིགས་རྟེན་ཕྱི་མ་ཕན་ཆད་ཀྱི་དོན་ལྟ་ཞོག །ཚེ་འདིའི་བྱ་བ་ཕྲ་མོ་ཙམ་ཡང་གཞན་དོན་གཙོ་བོར་བྱས་ཏེ་སྒྲུབ་ན་འབད་མེད་དུ་འགྲུབ་པར་འགྱུར་གྱི། རང་དོན་ཁོ་ན་ལ་ཆེད་དུ་དམིགས་ཏེ་བསྒྲུབས་པས་ནི་ཅིའང་འགྲུབ་པར་མི་སྲིད་པ་ཀུན་གྱིས་མངོན་སུམ་དུ་མཐོང་བ་འདི་ཡིན། དེས་ན་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གྱི་རིགས་དང་རང་བཞིན་ཐ་དད་པ་མང་པོ་ཡོད་པས། འགའ་ཞིག་ལོག་སྒྲུབ་ཀྱི་སྒོ་ནས་གནོད་པ་བྱེད་པ་བྱུང་ཡང་དེ་དག་ལ་ཞེ་སྡང་གི་སྒོ་ནས་གནོད་འཚེའི་སེམས་དང༌། རང་དོན་ཡིད་བྱེད་ཀྱི་བསམ་སྦྱོར་ཐམས་ཅད་སྤངས་ཏེ། སྒོ་གསུམ་གྱི་བྱ་བ་ཐམས་ཅད་གཞན་གྱི་དོན་དུ་ཅི་འགྱུར་གྱི་ཐབས་ལ་འབད་པར་གྱིས་ཤིག་དང༌། འདི་ཕྱི་ཐམས་ཅད་དུ་ལེགས་པར་འོང་ངོ་ཞེས་ནན་ཏན་དུ་སྩལ་བ་དང༌། དེར་ཡང་མ་ཟད་ཐོས་བསམ་སྒོམ་གསུམ་སོགས་དགེ་བའི་བྱ་བ་ཕྲན་བུ་ཙམ་སྒྲུབ་ནའང་བསྟན་པ་དང་སེམས་ཅན་ལ་སྨན་པའི་ཆེད་དུ་བགྱིད་དགོས་པ་ཡིན། ཁྱོད་ཀྱིས་ཀྱང་ཆོས་ཚིག་འབྲུ་རེ་གཉིས་ཙམ་གྱི་དོན་ཤེས་པ་འདྲ་སྲིད་ནའང་གཞན་ལ་བསམ་པ་རྣམ་པར་དག་པའི་སྒོ་ནས་བསླབས་ན་ཕ་རོལ་པོ་ལ་ཕན་ཐོགས་པ་དང༌། རང་ཉིད་ཀྱིས་ཤེས་པ་འང་དོན་ཡོད་པ་ཡིན་པས་ཅིས་ཀྱང་སློབས་ཤིག་ཅེས་བདག་ཉིད་ལ་རྡོ་རྗེའི་བཀའ་ལུང་ལྷའི་བདུད་རྩིའི་ལྟ་བུས་ཡང་ནས་ཡང་དུ་དབང་