R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༥༡
[A:༥༥༡]བསྐུར་བར་མཛད་པས་མཚོན། མདོར་ན། གང་གི་ཐེག་མཆོག་དམ་པ་འདི་མཛེས་པའི། །བློ་གྲོས་ཆེན་པོ་རྣམས་ཀྱི་རྒྱན་བཞི་སྟེ། །ཚུལ་ཁྲིམས་ཏིང་འཛིན་དེ་བཞིན་ཤེས་རབ་དོན། །ཤིན་ཏུ་རྣམ་པར་ངེས་དང་དེ་བཞིན་གཟུངས༌། །ཞེས་སོགས་གསུངས་པ་ལྟ་བུའི་བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཞི། སྣང་བ་རྣམ་པ་བརྒྱད། སྙིང་རྗེ་ཆེན་པོ་བཅུ་དྲུག །ཕྲིན་ལས་སུམ་ཅུ་རྩ་གཉིས་ལ་སོགས་པས་མཚོན་ཚུལ་ཁྲིམས་གསུམ་གྱིས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་ཚུལ་བཞིན་དུ་བསླབས་པའི་སྒོ་ནས་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བླ་ན་མེད་པ་ལ་དགོད་པའི་ཐབས་ཀྱི་རིམ་པ་སྣ་ཚོགས་པ་ཞིག་ལ་ཕྱག་ལེན་དུ་མཛད་པ་ཡིན་ཏེ། སློབ་དཔོན་མ་ཏི་ཙི་ཏྲས། འཁོར་བ་མི་བཟད་གཏིང་ནས་ནི། །འགྲོ་བ་ཉོན་མོངས་དྲང་སླད་དུ། །ཁྱོད་ཀྱིས་གང་ཞིག་མ་བཙལ་བའི། །ཐབས་དང་སྤྱོད་པ་དེ་མ་མཆིས། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཁྱད་པར་དུའང་ཕྱི་ནང་གསང་བའི་དེ་ཁོ་ན་ཉིད་བཅུ་ལ་སོགས་པ་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཇི་སྐད་གསུངས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗཻ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་ཞལ་སྔ་ནས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དགེས་པ་རྡོ་རྗེ་རྩ་བཤད་ཀྱི་རྒྱུད་རྣམས་ནས་གསུངས་པའི་བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེ་ལྷ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་དབང་གི་ཆུ་བོ་མ་ནུབ་པ་ལེགས་པར་གསན་ཏེ། ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷའི་རང་བཞིན་དུ་བྱིན་གྱིས་བརླབས་པ་ལ་བརྟེན་ནས་དབང་ལས་བྱུང་བའི་ཡེ་ཤེས་བརྗོད་བྲལ་ལྷན་ཅིག་སྐྱེས་པ་དོན་གྱི་སྡོམ་པ་ཐོབ་པར་མཛད་ཅིང༌། དེ་ནས་