R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༥༦
[A:༥༥༦] རི་ཁྲོད་དབེན་པ་རྣམས་སུ་སྒྲུབ་པའི་རྒྱལ་མཚན་རྩེ་གཅིག་ཏུ་འཛིན་པ་ཞིག་ནམ་འོངས་ན་སྙམ་དུ་ཅིས་ཀྱང་དགོས་མེད་ཀྱི་ངེས་འབྱུང་དྲག་པོ་བསྟར་ཆགས་སུ་ཐུགས་རྒྱུད་ལ་འཁྲུངས་པའི་རྐྱེན་གྱིས་དགུང་གྲངས་བཅུ་དྲུག་པ་དང་བཅུ་བདུན་པའི་ཁོངས་སུ་རྗེ་བཙུན་འཇམ་དབྱངས་དཀར་པོ་དང༌། ཀུན་རིག །འབྱུང་འདུལ། སེང་གདོང་མ། དབྱངས་ཅན་མ་དཀར་དམར་སོགས་ཀྱི་གཅད་རྒྱ་ཁོ་ན་ལ་བཞུགས་ཏེ། སྟོང་གསལ་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ཁོ་ནས་ཉིན་མཚན་ཁོར་ཡུག་ཏུ་འདའ་བར་མཛད་ལ། ཁྱད་པར་དགུང་ལོ་བཅོ་བརྒྱད་བཞེས་པའི་སྐབས་སུ་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་དྲུང་དུ། བདག་ཚེ་འདིར་སྣང་གི་དཔལ་འབྱོར་དང་གཡེང་བ་མཐའ་དག་སྤངས་ཏེ་མི་མེད་ཀྱི་ལུང་སྟོང་རྣམས་སུ་ཚེ་དང་སྒྲུབ་པ་སྙོམས་པ་ཞིག་བྱ་ཆོག་པའི་དགོངས་ཁྲོལ་མཛད་ཐུབ་པ་མཁྱེན་ཞེས་གསོལ་བ་ཡང་ནས་ཡང་དུ་བཏབ་ཀྱང༌། མཁན་ཆེན་རྡོ་རྗེ་འཆང་དེ་ཉིད་ཀྱིས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་རྗེ་འདི་རི་ཁྲོད་དབེན་པ་རྣམས་སུ་བཞུགས་ཏེ་ཐུགས་དམ་ཉམས་བཞེས་ཀྱི་རིགས་ལ་གཙོ་བོར་མཛད་ན་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་མཐར་ཕྱིན་ཏེ་རང་གཞན་གྱི་དོན་རླབས་པོ་ཆེ་འགྲུབ་པ་སོགས་ལེགས་ཚོགས་ཤིན་ཏུ་ཆེ་མོད། དེ་ལས་ཀྱང་ཆོས་གྲྭ་ཆེན་པོ་འདིར་བཞུགས་ནས་ཐོས་བསམ་ལ་འབད་རྩོལ་མཛད་ཚེ་མ་འོངས་པ་ན་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྤྱི་དང་བྱེ་བྲག་གི་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་བཞིན་གསལ་བར་མཛད་པ་མངོན་སུམ་དུ་གཟིགས་ཏེ། ཇི་ཙམ་ནན་ཏན་དུ་ཞུས་ཀྱང་བཀས་མ་གྲོལ་བར་སླར་ཡང་ཐོས་བསམ་ཐུགས་བརྩོན་དྲག་པོས་བསྟན་པ་རིན་པོ་ཆེ་སྐྱོང་དགོས་ཚུལ་གྱི་བཀའ་ལུང་འབའ་ཞིག་སྩལ་བ་དང༌། དེའི་ནང་ནས་ཀྱང་བླ་མ་གོང་མའི་ཕྱག་སྲོལ་ལྟར་ཀུན་ཏུ་དགོས་པའི་གཞུང་བདུན་པོ་ཐུགས་ལ་འཛིན་དགོས་པའི་བཀའ་ནན་བཟློག་ཏུ་