R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༥༧
[A:༥༥༧]མེད་པ་ཕེབ། དེའི་སྟོབས་ཀྱིས་རྗེ་འདིས་ཀྱང་ད་ནི་དངོས་གྲུབ་ཀྱི་རྩ་བ་རྗེ་བཙུན་བླ་མ་དམ་པའི་བཀས་མ་གྲོལ་བས་རི་ཁྲོད་དུ་ཕེབ་པ་སོགས་ནི་ཆ་མ་ཡིན་ལ། ཇི་ལྟར་སྩལ་བའི་ཐུགས་བཞེད་མ་ལུས་པ་ཚུལ་བཞིན་དུ་སྒྲུབ་པ་ནི་བྱིན་རླབས་ཀྱི་སྒོ་བརྒྱ་དབྱེ་བའི་ཐབས་ཀྱི་གཙོ་བོ་ཉིད་དུ་ངེས་པས་དེ་ཁོ་ན་ལ་ཆིག་དྲིལ་དུ་འབད་པར་བགྱིའོ་སྙམ་དུ་དགོངས་ཏེ། ཇི་སྐད་དུ། རྗེ་བཙུན་རིན་པོ་ཆེས་མཛད་པའི་རྣམ་འགྲེལ་དག་ལྡན་མ་ལས། རྒྱུད་སྡེའི་དུམ་བུ་རྣམ་གཞག་མངོན་རྟོགས་དང༌། །སྟོང་ཐུན་གཉིས་ཀྱི་དོན་བསྡུས་བསྟོད་པ་གཉིས། །བདག་མེད་བསྟོད་པའི་རྣམ་འགྲེལ་དང་བཅས་པ། །ཀུན་ཏུ་དགོས་པའི་གཞུང་བདུན་འཐོར་མི་བྱ། །ཞེས་གསུངས་པར་ལྟར་གྱི་རྗེ་ས་སྐྱ་པ་ཆེན་པོས་མཛད་པའི་རྒྱུད་སྡེའི་དུམ་བུ་བརྒྱ་བཅུ་གསུམ་༡༽པ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་མཛད་པའི་རྒྱུད་སྡེ་སྤྱིའི་རྣམ་གཞག༢༽ །རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རྒྱུད་ཀྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་༣༽ཤིང༌། རྗེ་བཙུན་རིན་པོ་ཆེས་མཛད་པའི་སྟོང་ཐུན་ས་གཅད༤༽། དེས་མཛད་པའི་རྗེ་བཙུན་ཡབ་ཀྱི་བསྟོད་པ་དཎྜ་ཀ་༥༽དང༌། ཡུམ་གྱི་བསྟོད་པ་རིན་པོ་ཆེའི་ཕྲེང་བ༦༽། འཇམ་མགོན་ས་སྐྱ་པཎྜི་ཏས་མཛད་པའི་བདག་མེད་བསྟོད་པའི་རྣམ་འགྲེལ་༧༽ཏེ་ཀུན་ཏུ་དགོས་པའི་གཞུང་བདུན་ཐུགས་འཛིན་མཛད་དེ། དེའང་རྗེ་རིན་པོ་ཆེ་འདི་ཉིད་ངེས་པའི་དོན་དུ་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ལ་ཐོགས་པ་མི་མངའ་བ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་རང་བཞིན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ངོ་བོར་བཞུགས་པས། འདི་ཙམ་ལ་མཁྱེན་རབ་ཆེ་ཆུང་གི་སྨྲ་བརྗོད་བྱེད་པ་ནི་ནམ་མཁའ་འདོམ་གྱིས་འཇལ་བ་ལྟར་བྱིས་པ་རང་གི་དེ་ཉིད་སྟོན་པར་ཟད་མོད། འོན་ཏེ་ཕལ་པ་རྣམས་ཀྱི་རྒྱུད་ཚོད་ལ་དཔག་པའི་རྣམ་འཕྲུལ་ཕྲ་མོ་