R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༠༢
[A:༦༠༢]པོ་ཆེ་རྣམས་ནས་གསུངས་པའི་གསོ་སྦྱོང་སོགས་གཞི་གསུམ་གྱི་ཆོ་ག་རིམ་བཞིན་གསར་དུ་བཙུགས་པར་མཛད་དེ། དེའང་ཆོས་གྲྭ་ཆེན་པོ་འདིར་སྔོན་གྱི་དུས་རྡོ་རྗེ་འཆང་ཆེན་པོ་སློབ་མའི་ཚོགས་དང་བཅས་པ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ནས་ཡུན་རིང་དུ་སོང་བ་ན་རིམ་གྱིས་མཁས་པ་དང་གྲུབ་པའི་རྒྱལ་མཚན་འཛིན་པ་དག་ནི་ཇེ་ཉུང་ཇེ་ཉུང་དུ་གྱུར། ཅིའང་མི་ཤེས་པའི་བླུན་པོ་སྙིང་ཕོད་ཅན་དག་ནི་སྤང་ལས་ཤྭ་མང་བརྡོལ་བ་ལྟར་མང་དུ་ཚོགས་པའི་རྐྱེན་གྱིས་འདུལ་བའི་ཕྱག་ལེན་ལ་སོགས་པ་རིམ་བཞིན་བག་ལ་ཞ་བར་གྱུར་པའི་དབང་གིས་ཕྱི་དུས་འདི་ན་ཆོས་ཀྱི་སྤྱན་དང་ལྡན་པའི་སྐྱེས་ཆེན་དམ་པ་འགའ་ཞིག་བཞུགས་པ་རྣམས་མ་གཏོགས་ཕལ་ཆེར་ནི་ལུས་ལ་ངུར་སྨྲིག་གི་རྒྱལ་མཚན་འཆང་བས་མཛེས་པ་ཙམ་དུ་ཟད་ཀྱི། གཞན་དུ་ན་འདུལ་བ་ལུང་སྡེ་བཞི་སོགས་གསུང་རབ་རིན་པོ་ཆེ་རྣམས་དང༌། དགོངས་འགྲེལ་གྱི་སློབ་དཔོན་ཡོན་ཤཱཀ་རྣམ་གཉིས་ཀྱི་བསྟན་བཅོས་སོགས་གཞུང་ལུགས་རྒྱ་ཆེན་པོ་དག་ལ་བློ་ཁ་ཕྱོགས་པ་ནི་ལྟ་ཅི་སྨོས། འཕྲལ་དུ་སྤང་བླང་བྱ་རྒྱུའི་དགག་སྒྲུབ་གནང་གསུམ་གྱི་བསླབ་བྱ་ཕྲ་མོ་ཙམ་ཡང་ངོས་ཟིན་པ་དང༌། ཁྱད་པར་གཞི་གསུམ་གྱི་ལག་ལེན་ལ་སོགས་པ་ནི་མིང་ཙམ་ཡང་ཤེས་པར་དཀའ་བའི་གནས་སྐབས་དེ་ལྟ་བུར་གྱུར་པ་ན། རྗེ་རིན་པོ་ཆེ་འདི་ཉིད་ཀྱིས་ལེགས་གསུང་འདུལ་བའི་བསྟན་པ་སླར་ཡང་སྤེལ་བའི་ཐུགས་བསྐྱེད་བཟང་པོས་དགོན་འདིར་གསོ་སྦྱོང་དང༌། དབྱར་གནས་དང༌། དགག་དབྱེ་ལ་སོགས་པའི་ཕྱག་ལེན་ཕྲ་མོ་ཚུན་ཆད་མ་ཉམས་པར་རྒྱུན་ཆགས་སུ་མཛད་དགོས་པའི་སྲོལ་ཆེན་པོ་བཏོད་དེ། ལེགས་གསུང་འདུལ་བ་རྒྱ་མཚོའི་བསྟན་པའི་མེ་རོ་རྨང་ནས་བསླངས་པར་མཛད་དོ། །དེ་སྐོར་ཟླ་བ་དྲུག་པའི་ནང་རྗེ་ཉིད་དབུར་བཞུགས་པའི་དགེ་སློང་བཟང་གྲས་དབྱར་གནས་ལ་ཕེབ་པ་རྣམས་ཀྱིས་སྨན་བླའི་མདོ་ཆོག །