[A:༦༠༦] འགྲོ་དོན་ཐུགས་བསྐྱེད། མངའ་འབངས་བརྩེ་སྐྱོང་སོགས་མཛད་པ་ཕྲིན་ལས་ཀྱི་ཆ་ཤས་རེ་རེ་ལ་བརྟགས་ཀྱང་སོ་སོའི་སྐྱེ་བོའི་བློའི་ར་བ་ལས་བརྒལ་བས། ཨེ་མ་ཧོ། བདག་ཅག་རྣམས་ཀྱིས་བསོད་ནམས་ཅི་འདྲ་བ་ཞིག་བསགས་ན། སྐལ་བ་བཟང་པོའི་ཉི་མ་འདི་ལྟ་བུ་ཤར་བའི་དུས་འབྱུང་བ། ཞེས་མཆོག་དམན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གླེང་ཞིང་ཡིད་སྨོན་པའི་གནས་སུ་གྱུར་པ་ནས། སྔ་མ་ས་རྟ་ལོར་དཔལ་ལྡན་ས་སྐྱར་འཇམ་མགོན་ཁྲི་ཆེན་རིན་པོ་ཆེར་ཨེ་ཝྃ་བླ་བྲང་གི་གདན་སའི་དགོངས་ཁྲོལ་ནན་ཏན་དུ་ཞུས་པ་དང༌། ལྷག་པར་ངོར་རང་གི་བླ་ཁག་ཁང་ཚན་ཚང་མར་བཀའ་ཁྱབ་ཤིན་ཏུ་ནན་ཆགས་སུ་སྩལ་བར། སྤྱིར་རྗེ་འདི་ཉིད་ཐུགས་བསྐྱེད་དང་ཕྲིན་ལས་གཞལ་དུ་མེད་པའི་དབང་གིས་ལོ་ཤས་ཙམ་ཞལ་འཛིན་སྐྱོང་ཐུབ་བྱུང་ན་རྒྱལ་བ་རྡོ་རྗེ་ཉིད་དངོས་སུ་བཞུགས་པ་ལྟ་བུའི་འདུ་ཤེས་ཀྱིས་ཐམས་ཅད་ཀྱིས་འདི་ཕྱིའི་འདུན་མ་ཐམས་ཅད་དུས་ཅིག་ཅར་དུ་འགྲུབ་བོ་སྙམ་པའི་འདུན་པ་ཤིན་ཏུ་ཆེའང༌། རྡོ་རྗེའི་བཀའ་ལུང་སྦྲོམ་ཆེན་པོ་ཤིན་ཏུ་བརླིང་ཞིང་ལྕི་བའི་ཁུར་ཀྱིས་མནན་པ་གྱེན་དུ་བཟློག་པའི་གོ་སྐབས་ཅུང་ཟད་ཙམ་ཡང་མ་རྙེད་ནས་ཁང་སར་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་རྒྱལ་མཚོ་མཁན་ཚབ་ཏུ་གདན་ས་ཆེན་པོར་འོས་འདུ་ཕུལ་བར། དེ་སྐབས་ཞབས་དྲུང་རིན་པོ་ཆེ་དེ་ཉིད་ཁམས་ཀྱི་གླིང་མགོ་ཟི་དགོན་དུ་བཞུགས་སྐབས་ཡིན་པས་རྗེ་དེ་ཉིད་ཀྱི་མདུན་ནས་དཔལ་ས་སྐྱ་ནས་ཀྱི་བཀའ་དང༌། ཨེ་ཝྃ་པའི་བླ་གྲྭ་སྤྱིའི་ཞུ་ཡིག་བཅས་ཕུལ་བར་བརྟེན། ཐམས་ཅད་ཀྱིས་ལུག་ལོའི་སྟོན་ཐོག་ངེས་པར་ཕེབ་རྩིས་ལ། སྐབས་ཤིག་རྗེ་འདི་ཉིད་བླ་བྲང་དུ་བཞུགས་ཏེ་གཞི་གསུམ་འཛུགས་སྐོར་གྱི་ཞལ་བཀོད་འདྲ་མཛད་པ་ཞིག་ལ། ཁང་སར་ཞབས་དྲུང་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱལ་མཚན་པ་དང༌། མི་ཉག་དཔོན་སློབ་ནམ་མཁའ་རྒྱལ་མཚན་གཉིས་སྐུ་མདུན་དེར་བཞུགས་