R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༡༠
[A:༦༡༠]ཞིག་ལ་གནས་ཏེ་རང་གི་ལྟ་བ་ངན་པ་ལ་མཆོག་ཏུ་བཟུང་ནས་སྲོག་གཅོད་པ་ལ་སོགས་པའི་བྱ་བ་མ་ཡིན་པ་དག་ལ་དག་གྲོལ་ངེས་འབྱིན་གྱི་ལམ་དུ་བལྟ་བའི་སྐྱེ་བོ་མ་རུངས་པ་ངན་འགྲོའི་གནས་སུ་བགྲོད་པ་ལ་ཆེས་རིངས་པ་ཁ་ཅིག་བོད་ཆོས་ལྡན་གྱི་རྒྱལ་པོའི་ཞིང་ན་བཞུགས་པའི་བསྟན་པ་དེ་འཛིན་དང་བཅས་པའི་གཟི་བྱིན་མ་བཟོད་པར་ལོག་པར་འཁུ་བའི་བསམས་པས་རྒྱང་རིང་པོ་དག་ནས་འོང་བར་ཐོས་པ་དང༌། དེར་མ་ཟད་རྩོད་ལྡན་དུས་ཀྱི་ཐ་མ་ལ་མངོན་དུ་ཕྱོགས་པའི་སྙིགས་མའི་རང་རྟགས་མངོན་པར་བདོ་བས་འཇིག་རྟེན་གྱི་ཁམས་སུ་འཁྲུགས་རྩོད་ལ་སོགས་པ་མི་མཐུན་པའི་རྐྱེན་ངན་ཆུ་འཛིན་ནག་པོ་བྱ་ར་བྱེད་པ་ལྟ་བུ་རིམ་པར་ལྷག་པས་ན། བྱང་ཕྱོགས་ཆོས་ཀྱི་རྒྱལ་པོའི་བཀས་ཆེད་དུ་བསྐུལ་བ་དང༌། གཅིག་ཏུ་བསྟན་འགྲོའི་དོན་ལ་ལྷག་པར་དགོངས་པས་ཐབས་དམིགས་པ་མེད་པའི་སྙིང་རྗེ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལས་མ་གཡོས་བཞིན་དུ། དཔལ་དགྱེས་མཛད་ཧེ་རུ་ཀ་འཇིགས་རུང་དྲག་པོར་ཁྲོས་པ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཁམས་གསུམ་ཟ་བར་ནུས་པའི་རྔམ་བརྗིད་དང་ལྡན་པའི་སྐུར་བཞེངས་ཏེ། དགྲ་བགེགས་ཐམས་ཅད་ཀྱི་སྟོབས་རབ་ཏུ་འཕྲོག་ཅིང་རོལ་བའི་དྲག་པོ་དམར་གྱི་གཏོར་མ་ཆེན་པོ་གནམ་ལྕགས་ཐོག་གི་མདེའུ་ལྟ་བུས་བྱད་མ་དེ་དག་གི་སྙིང་གི་དཀྱིལ་དུ་གཟིར་བས། རྒྱ་མཚོ་ཆེན་པོ་རླུང་གིས་བསྐྱོད་པ་བཞིན་སྲིད་པ་གསུམ་པོ་རྣམ་པར་གཡོ་བ་དང་ཆབ་ཅིག་མ་རུངས་བའི་ཡིད་ཅན་དེ་དག་སྦུར་མ་རླུང་གིས་དེད་པ་ལྟར་ཕྱོགས་ཀྱི་ཕ་མཐར་བསྐྲད་དེ་མིང་གི་ལྷག་མ་ཙམ་ཡང་རྣ་ལམ་དུ་གྲག་ཏུ་མེད་པ་དང༌། མི་མཐུན་པའི་རྐྱེན་ངན་གང་ཡིན་པ་དེ་དག་ཀྱང་དེ་ནས་བརྩམས་ཏེ་ཉི་འོད་དང་འཕྲད་པའི་མུན་པ་ལྟ་བུར་མི་རིང་བར་ཞི་ཞིང་རྫོགས་ལྡན་གྱི་བདེ་སྐྱིད་ཕུན་སུམ་ཚོགས་པ་རིམ་གྱིས་ཐོབ་པས་སྐྱེ་འགྲོ་ཐམས་ཅད་དབུགས་དབྱུང་བར་