[A:༦༡༡]མཛད་དོ། །ལོ་དེར་འབྲུག་པར་བླ་མ་འཇིགས་མེད་ཆོས་ཀྱི་རྒྱལ་མཚན་ཞུས་པའི་ངོར་ཇོ་ལུགས་སྒྲོལ་མ་ཉེར་གཅིག་དང༌། དབུ་མ་ལུགས་ཀྱི་སེམས་བསྐྱེད་སོགས་བཀའ་ཆོས་འགའ་ཞིག་དང༌། གཞན་ཡང་དོན་གཉེར་དུ་མའི་ངོར་ནཱ་རོ་མཁའ་སྤྱོད་ཀྱི་ཁྲིད་དང༌། སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང༌། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་སོགས་བཀའ་ཆོས་བསམ་ལས་འདས་པ་སྩལ། བྱ་སྤྲེལ་གཉིས་ཀྱི་སྐབས་འདིར་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད་ཁུ་དབོན་གསུམ་པོའི་རྣམ་ཐར་ལས་མཁན་ཕྱི་མ་རྣམ་གཉིས་སྐུ་མྱ་ངན་ལས་འདས་པ་ཡན་གྱི་རྣམ་ཐར་སྐོར་ཡོངས་སུ་རྫོགས་པར་གྲུབ་པ་སོགས་གསུང་རྩོམ་གྱི་རིམ་པའང་མང་དུ་མཛད། དེ་ནས་དགུང་གྲངས་སོ་བཞིར་ཕེབ་པ་ཆུ་ཁྱི་ཧོར་ཟླ་དང་པོའི་ནང་སྨྱུང་བར་གནས་པ་ཚར་ལྔ་བཅུ་ཙམ་གཏོང་བར་མཛད། ལོ་དེའི་ཧོར་ཟླ་གསུམ་པ་ཉིས་བརྩེགས་ཀྱི་སྔ་མའི་ཚེས་བཅུ་བདུན་ཉིན་སྲིད་པ་གསུམ་ན་རྙེད་པར་དཀའ་བའི་ཡོན་ཏན་གྱི་རྒྱ་མཚོ་ཆེན་པོ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་དེ་ཉིད་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པའི་སྐབས་ཞི་བར་གཤེགས་ནས་ཐུགས་དམ་མ་གྲོལ་གྱི་བར་དུ་རྡོ་རྗེ་འཆང་དེ་ཉིད་ཀྱིས་ཐུགས་དམ་ཉམས་བཞེས་ཇི་ལྟར་མཛད་པ་རྣམས་ཐུགས་ཉམས་སུ་བཞེས་ཤིང་གསོལ་བ་འདེབས་པ་ནས་བརྩམས་ཏེ། རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཇི་སྐད་གསུངས་པ་བཞིན་སྐུ་གདུང་རིན་པོ་ཆེར་སྐུ་ཁྲུས་གསོལ་བ་དང༌། སྐུ་གསུང་ཐུགས་ཀྱི་རིག་སྔགས་སོགས་གདགས་པ་དང་བཅས། བསིལ་སྨན་ལ་སོགས་པ་དྲི་བཟང་པོས་བསྒོས་པའི་ལྷ་རྫས་ཀྱི་ན་བཟའ་དང་བཅས་ཏེ་གདུང་སྒྲོམ་གྱི་བཞུགས་ཁྲིའི་སྟེང་དུ་བཞུགས་སུ་གསོལ་བ་ཉིད་རྣམ་སྣང་དགྱེས་པ་རྡོ་རྗེར་བསྐྱེད་ཅིང་བཟླས་པ་བྱ་བ་སོགས་ཕྱག་ལེན་