R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༡༢
[A:༦༡༢]ཤིན་ཏུ་རྣམ་པར་དག་པ་དང༌། ཁྱད་པར་དུའང་ཞག་བདུན་ཕྲག་བདུན་གྱི་བར་དུ་རྗེ་རིན་པོ་ཆེ་ཉིད་ཚོགས་དབུར་ཕེབ་ནས་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་ལ་སོགས་པ་ཚུལ་བཞིན་དུ་མཛད་པ་དང༌། སྐུ་གདུང་རིན་པོ་ཆེར་ཞུགས་འབུལ་བའི་སྐབས་སུའང་ས་ཆོག་ནས་བརྩམས་ཏེ། གདུང་ཁང་བརྩིག་པ་སོགས་ཕྱག་ལེན་ཆེ་ཕྲ་ཐམས་ཅད་ཤིན་ཏུ་དག་པར་བཀས་ཁྱབ་པར་མཛད་པ་དང༌། གདུང་རུས་ཀྱི་ཕྱེ་མ་དང་གདུང་ཐལ་སོགས་ལ་སྐུ་འདྲ་དང་སཱཙྪ་གྲངས་མེད་པ་བཞེངས་ཏེ། རབ་གནས་རྒྱ་རྩ་ལ་སོགས་པ་མཛད་པ་དང༌། དེ་ནས་ས་ཆོག་དང༌། ལྟོ་འཕྱེའི་ཐིག་དང༌། གཏེར་བུམ་འཇུག་པ་སོགས་སྔོན་དུ་འགྲོ་བས་ཕྱི་རྟེན་ཁང་བུ་བརྩེགས་པའི་མཆོན་རྟེན་ཆགས་ཚད་དང་ལྡན་པ་ལ། ནང་གཟུངས་དང་གདུང་ཚཱ་ལ་སོགས་པས་ཕྱུར་བུར་གཏམས་པ་བཞེངས་ཤིང་རབ་ཏུ་གནས་པ་དང༌། དེ་བཞིན་དུ་གསེར་ཟངས་ལས་གྲུབ་པའི་འདྲ་སྐུ་དང༌། རིན་ཆེན་གཉིས་པ་ལས་གྲུབ་པའི་མཆོད་རྟེན་དང༌། གཙུག་ལག་ཁང་དུ་བཤམ་རྒྱུའི་དུས་ཐང་ལ་སོགས་པ་ཁྱད་པར་དུ་འཕགས་པ་བཞེངས་ཏེ། མཐར་རབ་ཏུ་གནས་པའི་ཆོ་ག་ཤིན་ཏུ་རྒྱས་པ་ཡེ་ཤེས་པ་མངོན་སུམ་དུ་བཞུགས་སུ་གསོལ་བའི་བར་དང༌། མདོར་ན་རྒྱུད་སྡེའི་དགོངས་པ་དང་མཐུན་ཞིང་ཕྱག་ལེན་སླ་ཆོས་སུ་མ་སོང་བར་ཕྲ་ཞིང་ཕྲ་བ་ནས་ཞིབ་ཅིང་མཐའ་ཆོད་པ་ཐུགས་སྐྱོ་བ་དང་དུབ་པ་མེད་པའི་སྒོ་ནས་སྒྲུབ་པར་མཛད་པས་བླ་མའི་ཐུགས་དགོངས་རྫོགས་ཤག་ལ། སྦྱོར་དངོས་རྗེས་གསུམ་ཚང་བའི་ཆོ་ག་རྣམ་པར་དག་པ་འདི་ལྟ་བུ་མཐར་ཕྱིན་པ་བླ་མའི་ཐུགས་བསྐྱེད། སློབ་མའི་དད་གུས་གང་ལ་བསམས་ཀྱང་ཕུན་སུམ་ཚོགས་པ་འདི་འདྲ་འཛོམས་སྲིད་པ་སྙམ་བདག་ལྟ་བུའི་དྲེད་པོ་ཆོས་མེད་སྙིང་རྡོ་