R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༤༦
[A:༢༤༦]སོགས་ལ་གཞོན་ནུའི་རོལ་རྩེད་ཚུལ་དུ་ཡི་གེའི་ཕྱི་མོ་འབྲི་ཀློག་སོགས་ཀྱི་བསླབ་སྦྱོང་གི་རྣམ་པར་བསྟན་སྐབས་ཀྱང༌། ཐ་མལ་པའི་སྤྱོད་པ་ལས་འདས་ཤིང༌། ཀུན་གྱིས་ཡིད་སྨོན་བྱ་བའི་གནས་སུ་གྱུར་པ་ཞིག་ཡོད་ཅེས་ཐོས་སོ། །བགྲང་བྱ་དགུ་པར་སོན་པའི་ཚེ། །མ་ཡུམ་གཤེགས་པའི་དགོངས་རྫོགས་ལ་ཡབ་གཞིས་ཀྱི་རྒྱུ་རྫས་ལོངས་སྤྱོད་ཡོད་རྒུ་རྩལ་སྦྲུགས་སུ་དགེ་རྩ་སྨིན་པར་མཛད་ཅིང༌། ལྕམ་སྲིང་གཉིས་ཀྱང་ཆོས་སྒོ་ལ་བཅུག་ནས། ཡབ་སྲས་གཉིས་ལྷན་ཅིག་ཏུ་ཁྱིམ་གྱི་འཆིང་བ་རྩྭ་བཞིན་དུ་རྒྱང་བསྲེང་སྟེ་དཔལ་ཨེ་ཝཾ་ཆོས་ལྡན་མཁས་བཙུན་གྲུབ་པ་བྱེ་བའི་བསྟི་གནས། མཁའ་འགྲོ་དམ་ཅན་འདུ་བའི་དགའ་ཚལ། གསང་ཆེན་རྡོ་རྗེ་བཀོད་པའི་ཕོ་བྲང༌། ངེས་པར་དོན་གྱི་སངས་རྒྱས་མང་པོ་བྱོན་པའི་གནས་མཆོག་དེ་ཉིད་དུ་ཞབས་ཀྱི་པདྨོ་བཀོད་དེ། དགེ་ལེགས་ཀྱི་སྒོ་འཕར་བྱེ་བ་ཕྲག་བརྒྱ་གཅིག་ཅར་དུ་གྲོལ་བའི་ཉེར་བསྡོགས་བརྩམས་སོ། །སྣ་ཚོགས་སྤྲོས་པའི་མཚན་མ་མ་ལུས་པ། །མཁའ་ཡི་རྡོ་རྗེའི་ཞབས་ལ་ཕྱག་བྱས་ནས། །མཁའ་ཁྱབ་སྤྲོས་པའི་དྲྭ་བ་རྒྱ་མཚོའི་སྤྲིན། །སླར་ཡང་འདུ་འགོད་སྟོན་པའི་ངང་ཚུལ་འདི། །ཕྱོགས་རེའི་ལམ་དུ་མཐའ་གཅིག་མ་ལྷུང་བའི། །ཕྱོགས་མེད་ཡངས་པ་ཆེན་པོའི་ཕྱག་རྗེས་སུ། །ཕྱོགས་བཅུའི་སྒྲོན་མེ་དུས་གསུམ་མ་སྒྲིབ་པ། །ཕྱོགས་རྣམས་ཀུན་ནས་རྣམ་པར་སྣང་འདི་མཚར། །དེ་ཡང་སྡོམ་གསུམ་རིམ་ཅན་གྱི་ཆུ་ལུད་བྲན་ནས་གཞི་རྒྱུད་ཀྱི་ཞིང་ས་སྦྱོང་ཞིང་རྒྱས་འགྱུར་གྱི་ས་བོན་སྦྲུམ་པ་དང༌། ཐོས་བསམ་སྒོམ་གསུམ་གྱི་སོ་ནམ་མཛད་ནས་སྐྱེས་བུ་ཆེན་པོའི་རྩལ་དྲུག་གི་ལོ་ཏོག་རྒྱས་པ་དང༌། འཛིན་སྐྱོང་