R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༤༧
[A:༢༤༧]སྤེལ་གསུམ་གྱི་དོན་འབྲས་གྲུབ་ནས་བསྟན་འགྲོའི་གསོས་སྨན་དུ་གྱུར་པའི་ཚུལ་ལས་བརྩམས་ཏེ་གླེང་ན། དང་པོ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དགེ་བའི་བཤེས་གཉེན་བསྟེན་ཅིང་ཚངས་པ་མཚུངས་པར་སྤྱོད་པ་ཡིན་པར་རྗེས་སུ་བསྟན་པའི་ཕྱིར། ཐུབ་དབང་གཉིས་པ་རྗེས་བཙུན་ཨེ་ཝཾ་པའི་རྒྱལ་ཚབ། ཚུལ་ཁྲིམས་དྲི་བསུང་གིས་ལུས་སེམས་ཀྱི་གདུང་བ་སེལ་ནུས་པ། ཏིང་འཛིན་གསལ་སྣང་གིས་རིགས་དྲུག་གི་གནས་ཚུལ་མཁྱེན་པ། ཤེས་རབ་ཟབ་མོས་ཆོས་ཉིད་མངོན་སུམ་དུ་གཟིགས་པ། བྱམས་པ་ཀུན་དགའ་བསྟན་འཛིན་ལས་སོ་ཐར་རིགས་བདུན་གྱི་དང་པོ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་མཚན་ཚུལ་ཁྲིམས་རྒྱ་མཚོ་གསོལ། ཕྱིས་སུ་དགུང་གྲངས་ནར་སོན་སྐབས། རྩ་བའི་ཡོངས་འཛིན་བརྟན་མཁས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་རྒྱལ་བ་གཉིས་པའི་ཞལ་ཚབ་མཚུངས་ཟླ་མ་མཆིས་པ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་མཁན་པོ་དང༌། ལས་ཀྱི་སློབ་དཔོན་གནས་བརྟན་ཆེན་པོ་དཔོན་སློབ་ནམ་མཁའ་རྒྱལ་མཚན་གཙོས་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བཞེས་ཏེ་རྒྱལ་བའི་བསྟན་པ་ལ་ཉེ་བར་བསྙེན་པའི་དངོས་པོ་ཡོངས་སུ་རྫོགས་པར་མཛད་ཅིང་མཚན་འཇམ་དབྱངས་བློ་གཏེར་དབང་པོ་གསོལ། དུས་སྐབས་འགའ་ཞིག་ཏུ་གསུང་ངག་རིན་པོ་ཆེ་ཚོགས་བཤད་ཀྱི་བདུད་རྩིས་ཐུགས་ཀྱི་བུམ་བཟང་གཏམས་པའི་ཚེའང༌། དཔལ་ལྡན་མཐུ་སྟོབས་ཀྱི་མགོན་པོའི་བརྒྱུད་པ་ཟིན་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་མ་