[A:༢༤༥]ཚེ་ཁུ་བོ་མཁས་གྲུབ་མཆོག་དེས་དབུ་ཞྭ་གསེར་གྱི་མདོག་ཅན་དབུ་ལ་གསོལ། སྔགས་མདུད་དབང་གི་མདོག་ཅན་མགུལ་དུ་ཕུལ་བར་མཛད་ཅིང༌། ཁྱེའུ་ཆུང་གཞན་འགྲན་མེད་པ་འདི་ནི་རྒྱལ་བའི་བསྟན་ལ་གཞུག་དགོས། །འཇུག་ཚུལ་གོ་རིམ་མ་ནོར་བ། དང་པོ་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་འབྱུང་ཞིང་ཐོས་བསམ་སྒོམ་གསུམ་རིམ་པ་བཞིན་དུ་བསྟེན་ནས་བསྟན་འཛིན་ཁྱད་པར་ཅན་འགྱུར་བ་ཞིག་དགོས་སོ་ཞེས་ཡབ་ལ་བཀའ་བསླབ་གནང་ཞིང་དེ་ལྟར་འོང་བའི་འདུན་སྨོན་རྒྱལ་བ་སྲས་བཅས་གྲོགས་སུ་སྦྲན་ནས་མཛད་དོ། །དེའི་ཚེ་རྒྱལ་བའི་མྱུ་གུ་དེ་ཉིད་དགྱེས་པའི་ཞལ་རས་མཛུམས་པའི་མདངས་དམུལ་བཞིན་བཞད་པའི་སྒྲ་དབྱངས་རྣམ་པར་སྒྲོགས་པ་ནི། དཀར་ཕྱོགས་མ་ལུས་པ་དབུགས་འབྱིན་པའི་དགའ་སྟོན་རྨད་དུ་བྱུང་བ་ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་བདེ་བའི་མཆོག་སྦྱིན་པའི་སྒོ་དང་པོ་ཕྱེས་སོ། །ཨ་ཧོ་སྲིད་མིན་སྲིད་པའི་རོལ་རྩེད་འདི། །སྐྱེ་མེད་སྐྱེ་བའི་སྒྱུ་རྩལ་ཆེན་པོ་ལས། །མཐའ་མེད་མཐའ་ཅན་སྲིད་པའི་དོ་ར་ནང༌། །ཆགས་མེད་ཆགས་པའི་ཟོལ་གྱིས་རྩེ་མིན་ནམ། །སྲིད་ཞིའི་དགེ་ལེགས་ཀུན་འབྱུང་ནོར་བུའི་ལྗོན། །སྲིད་འདིར་འཁྲུངས་པའི་སྐལ་བཟང་མྱོང་བའི་སླད། །སྲིད་པའི་ལྷ་རྣམས་གཉེན་བཤེས་ཚུལ་བཟུང་ནས། །སྲིད་པར་དཀའ་བའི་དགེ་མཚམ་ངོམ་པ་བཞིན། །ངོ་མཚར་ལོ་འདབ་དུ་མས་ཕྱུག །ཟས་གཙང་སྲས་དང་ཆོས་མཚུངས་པའི། །དཔལ་གྱི་ཡལ་འདབ་དང་པོ་འདི། །ས་གསུམ་དགེ་བའི་ཐོག་མར་སྐྱེས། །དེ་ནས་བགྲང་བྱ་དྲུག་པ་