[A:༢༤༨]སྒྲིག་རང་འགྲིག་ཏུ་གྱུར་པ་སོགས་ཕྱོགས་ཐམས་ཅད་ནས་ཡོན་ཏན་གྱི་ཆ་ཤས་ཀུན་ནས་རྫོགས་པར་གྱུར། དེ་ནས་རྒྱལ་སྲས་རྣམས་ཀྱི་བསླབ་པར་མི་བྱ་བའི་གནས་གང་ཡང་མེད་པ་རྗེས་སུ་བསྟན་པའི་ཕྱིར། ཀློག་པའི་སློབ་དཔོན་བསོད་ནམས་ཕུན་ཚོགས་བསྟེན་ཅིང་བླ་མ་ཡི་དམ་ཆོས་སྐྱོང་རྣམས་ཀྱི་བསྟོད་ཚོགས་སྒྲུབ་ཐབས་དབང་ཆོག་དང༌། དེ་དག་ལ་སྦྱར་བའི་དབྱངས་གདངས་རོལ་གསུམ་དང༌། བླ་མ་བརྒྱུད་པའི་ཕྱག་ལེན་ཆེ་ཕྲ་ཐམས་ཅད་བྱང་ཆུབ་པར་མཛད། གནས་ཀྱི་སློབ་དཔོན་གནས་ལྔ་རིག་པའི་པཎྜི་ཏ། ཀུན་སྤངས་སྦས་པའི་རྣལ་འབྱོར་འཇིགས་མེད་དཔལ་ལྡན་བསྟེན་ནས། སུམ་ཅུ་པ་དང༌། རྟགས་ཀྱི་འཇུག་པ་དང༌། དབྱངས་ཅན་སྒྲ་མདོ་དང་སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང་རྒྱན་གྱི་བསྟན་བཅོས་མེ་ལོང་མ་རྣམས་རྩ་བ་ཐུགས་ལ་བཟུང་ནས་གཞུང་བཤད་དཔེར་བརྗོད་ཡན་ལག་དང་བཅས་པ་དཔྱིས་ཕྱིན་པར་བསླབ་སྦྱོང་མཛད། དེ་དག་གི་སྐབས་སུ་རེག་ཟིག་བཀོད་པ་མང་ཞིག་ཕྱིས་སུ་འཁྱར་འདུག་པ་ཁོ་བོས་འདི་དག་ཕྱོགས་བསྡུ་གྲུབ་པའི་བཀའ་དྲིན་ཞུས་པར། ད་ནི་ཚང་བ་ཡོད་མི་འགྲོ་ཞིང༌། ཡོད་དུ་ཆུག་ཀྱང་དེ་འདྲའི་ངལ་བས་ཅི་བྱ་གསུང༌། བགྲང་བྱ་མཐོ་སྐབས་ཀྱང་སྒྲ་མདོ་འདི་བྱང་ཆེ་བས་ཡིན་ནམ་ད་དུང་རྩ་བ་ཐུགས་ལ་ཤར་མར་ཡོད་འདུག་གསུངས། གཞན་ཡང་དཀར་ནག་རྩིས་ཀྱི་སྐོར་རྣམས་ཕྱག་ཁྲིད་མཐར་ཕྱིན་པར་མཛད། དགུང་གྲངས་བཅུ་པར་ཕེབས་སྐབས། བཀའ་དྲིན་སུམ་ལྡན་གྱི་བླ་མ་ཐར་རྩེ་མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་སྤྱིར་རྒྱལ་བའི་བསྟན་པ་འདི་ལ་ཞུགས་པ་ཐམས་ཅད་ཀྱིས་བསྟན་པ་ལས་ཕྱི་རོལ་