[A:༢༤༩]དུ་གྱུར་པ་རྣམས་ཀྱི་རིང་ལུགས་ལ་སྙིང་པོ་ཡོད་མེད་ཤེས་དགོས་ཤིང༌། དེ་ཐམས་ཅད་འོལ་ཚོད་མུན་པའི་མདའ་འཕེན་ཤ་སྟག་ཡིན་པར་ཤེས་ནས། སྟོན་པ་དང་བསྟན་པ་གཉིས་ཀ་ལ་ནོར་འཁྲུལ་མེད་པའི་ལམ་དང་ལུགས་སྲོལ་ཚད་མ་གསུམ་དང་ལྡན་ལ། དྲི་མ་བཞི་དང་བྲལ་བ་ནང་པ་སངས་རྒྱས་པ་ཁོ་ནར་ཡིན་པའི་ངེས་ཤེས་བསྐྱེད་པ་ནི། ཚད་མའི་གཞུང་ལུགས་ལ་རག་ལས་ཤིང༌། དེའང་འཛམ་གླིང་མཛེས་པའི་རྒྱན་གཅིག་དཔལ་ལྡན་ཆོས་ཀྱི་གྲགས་པ་རྗེས་འབྲང་དང་བཅས་པའི་གཞུང་ལ་ལྟོས་དགོས་པས། དེའི་གནད་གསང་ཕྱིན་ཅི་མ་ལོག་པར་སྨྲ་བ་ཀུན་མཁྱེན་བླ་མའི་རིག་ལམ་ད་ལྟ་རྟ་ནག་ཐུབ་བསྟན་རྣམ་རྒྱལ་དུ་བཞུགས་པ་འདི་ཡིན་ཅིང༌། ཆོས་སྨྲ་བའི་མཁན་པོའང་ཕྱོགས་ཐམས་ཅད་ལས་རྒྱལ་བའི་སྨྲ་བའི་དབང་ཕྱུག་གྲགས་ཤིང་གྲུབ་པ་ལྟར། དེར་བྱོན་ནས་བསླབ་སྦྱོང་མཐའ་ཆོད་པ་ཞིག་དགོས་སོ་ཞེས་བཀའ་གནང་བ་ལ། དགའ་བ་དང་གུས་པ་ཆེན་པོས་ཇི་ལྟར་བཀའ་སྩལ་བའི་དོན་ལས་སྐད་ཅིག་ཀྱང་འགལ་བར་མི་བགྱིད་དོ་ཅེས་ཞུས་ནས། མཁས་དབང་འཇིགས་མེད་དཔལ་ལྡན་དང་ལྷན་ཅིག་རྟ་ནག་ཏུ་ཀུན་མཁྱེན་བླ་མའི་གདན་སར་ཕེབས། གངས་ཅན་ཙམ་ན་འགྲན་མེད་ཀྱི་སྡེ་སྣོད་འཛིན་པ་མི་ཕམ་སེང་གེ་རབ་རྒྱས་ཀྱི་ཞབས་པད་བསྟེན་ནས། ཚད་མ་ཀུན་བཏུས། ཚད་མ་རྣམ་འགྲེལ། ཚད་མ་རྣམ་ངེས་ཀྱི་གཞུང་བཤད་ཡན་ལག་དང་བཅས་པ་ལ་གསན་སྦྱངས་མཛད་ནས་འཕགས་ཡུལ་བའི་ཚད་མའི་ལམ་ཐམས་ཅད་ཐུགས་སུ་ཆུད། བོད་འདི་ན་སྡེ་བདུན་གོང་འོག་བསྡེབས་པ་དང༌། རྒྱ་