[A:༢༥༩]བསྔོ་རྒྱུན་ཆགས་དང༌། གཟུངས་སྔགས་ཁྱད་པར་ཅན་མང་པོ་བཟླ་བར་མཛད་ཅིང༌། བྱེ་བྲག་ཏུ་ཡི་གེ་དྲུག་པ་སྟོང་ཕྲག་རེ་རེ། དྲི་མེད་རྣམ་གཉིས་དང༌། རྣམ་པར་རྒྱལ་མའི་གཟུངས་སྔགས་ཉེར་གཅིག་རེ་ལྗགས་བཟླས་གནང་ནས་བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་རྒྱས་འདེབས་ཡང་ཡང་མཛད། སྐབས་འགའ་ཞིག་སྡིག་པོ་ཆེ་ཁ་ཅིག་ལ་དམིགས་པའི་ལྟུང་བ་བཤགས་པ་དང༌། ཡི་གེ་བརྒྱ་པ་ཡང་ཡང་ལྗགས་བཟླས་མཛད། གསོན་གཤིན་གྱི་དམིགས་ཡུལ་དེ་དག་སྐབས་འགའ་རེར་མིང་ནས་སྨོན་པའང་གནང་ཞིང༌། དྲུང་དུ་འཁོད་སྐབས་འབྲེལ་ཚད་དོན་ལྡན་གྱི་སྐྱེས་བུ་དམ་པ་འདི་འདྲ་དང་མཇལ་བ་སྐལ་པ་མི་དམན་པ་ཞིག་ཨེ་ཡིན་ནམ་སྙམ་པའང་བྱུང༌། དུས་རྒྱུན་པར་ཐུགས་དམ་ནར་མ་ནི། ཐུན་གསུམ་ལ་དབང་བཞི་ལེན་པ་དང༌། ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཕྱི་ནང་གཉིས་དང༌། གསང་བ་རྣལ་འབྱོར་དབང་ཕྱུག་གི་རྣལ་འབྱོར་སྲུང་བ་དང་བཅས་པའི་སྟེང་དུ་ཡང་གསང་མཐུ་སྟོབས་མགོན་པོའི་གཞི་ལམ་འབྲས་གསུམ་ཆིག་དྲིལ་གྱི་རྣལ་འབྱོར་རྫོགས་རིམ་དང་བཅས་པ་དང༌། དཔའ་མོ་མཁའ་སྤྱོད་དགའ་མའི་རྣལ་འབྱོར་རིམ་པ་གཉིས་དང་བཅས་པ་ལ། དཔལ་ལྡན་ས་སྐྱ་པའི་ཆག་མེད་རྣམ་བཞི་གྲགས་པ་ལྟར་ཉམས་བཞེས་ཀྱི་མཐིལ་དུ་གནང་ཞིང༌། མཆོག་གི་དངོས་གྲུབ་བརྙེས་པ་འཇམ་དཔལ་བསྟན་འཛིན་ལས་མགོན་པོའི་དབང་ཁྲིད་གསན་ལུགས་ངོ་མཚར་ཅན་མཛད་ནས། ཕྲིན་ལས་ཀྱི་ལྷ་རྡོ་རྗེ་ནག་པོ་ཆེན་པོའི་སྲུང་འཁོར་རྡོ་རྗེའི་བྲག་རྫོང་མ་ལ་གང་ལ་གང་དགོས་ཀྱི་དམིགས་པའི་འཁྲུལ་འཁོར་བསྒྱུར་བས་ཕྲིན་ལས་རྣམ་