R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༦༠
[A:༢༦༠]བཞི་རང་དབང་འབྱོར་པ་དང༌། ནང་རྩ་གསུམ་འཁོར་ལོ་ལྔ་ལ་ལྷན་སྐྱེས་ཀྱི་མགོན་པོ་ལྕམ་དྲལ་བཞུགས་པར་ངོ་ཤེས་རྩལ་རྫོགས་ཀྱི་འཕྲུལ་ཐབས་བསྟེན་པས། གསང་བ་གདོད་མའི་མགོན་པོའི་རྒྱལ་ཐབས་ཟིན་པའི་ཉམས་བཞེས་ལ་བྱིན་རླབས་ཀྱི་བཀའ་བབས་ཐུན་མོང་མ་ཡིན་པ་བཞུགས་ཤིང༌། དེ་གསན་ཡུལ་གྱི་བླ་མ་ལའང་བསྔགས་པར་བརྗོད་པ་འདི་ལྟར་གནང༌། རྡོ་རྗེ་རྣལ་འབྱོར་མ་ཡིས་རྗེས་སུ་བཟུང༌། །རྒྱུད་གསུམ་དམ་ཅན་རྒྱ་མཚོ་བྲན་དུ་འཁོལ། །སྙན་བརྒྱུད་བསྟན་པའི་མངའ་བདག་རྡོ་མཁར་བ། །འཇམ་དཔལ་བསྟན་འཛིན་བཟང་པོ་སྙིང་ནས་དྲན། །ཞེས་གསུངས་ཤིང་སངས་རྒྱས་དངོས་ཀྱི་འདུ་ཤེས་མཛད་ཅིང༌། གསུང་འཕྲོས་སུ་རྗེ་དེ་ཉིད་ཀྱི་རྗེས་གནང་སྐབས་སུ་བཟླས་ལུང་འབྲུ་ནག་བར་སྣང་ལ་ཆགས་པའང་དད་ལྡན་འགའ་ཞིག་གིས་དབང་པོའི་མངོན་སུམ་མོ་གསུངས་པ་དང༌། དེ་སོགས་ངོ་མཚར་བའི་གཏམ་མང་དུ་ཡོད་དོ་གསུངས་པ་ཙམ་ལས་ཧ་ཅང་གསལ་པོ་ཡང་མི་གསུངས། ཁོ་བོ་ཅག་ལའང་དེའི་ཐུགས་རྗེའི་འོད་ཟེར་གྱིས་ཁྱབ་ལུགས་གཞན་དང་མི་འདྲ་བ་ཡོད་པར་རློམ་མོ་ཞེས་བརྡ་ཙམ་གསུངས། གཞན་ཡང་ཕྲིན་ལས་ཀྱི་ལྷ་མོ་སྒྲོལ་མ་དཀར་དམར་གྱི་ཉམས་བཞེས་དང༌། དེའི་བྱིན་རླབས་ཀྱི་མཚན་མ་མཆོག་ཏུ་བརྙེས་ཤིང༌། ཕྱིས་སུ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་ཆོས་འཕགས་མའི་སྙིང་ཐིག་གི་ཆོས་བདག་ལུང་བསྟན། དེ་དག་གི་སྐོར་ཕྱོགས་ཙམ་བརྡ་ཙམ་ལས་ཞིབ་ཏུ་བརྗོད་པའི་རྔོ་མ་ཐོགས་ཏེ། རྗེ་འདི་ཉིད་རང་གི་ཡོན་ཏན་ཐམས་ཅད་སྦེད་ཅིང་གསང་བ་ཁོ་ནར་མཛད་པའི་ཕྱིར་རོ། །དོན་དེ་དག་ལས་འདི་སྐད་ཅེས་སྨྲའོ། །རང་བཞིན་