[A:༢༦༤]གནས་ལུས་འདི་ཕྱི་གང་ལྟར་གྱུར་ཀྱང་དེ་ཁོ་ནའི་དོན་དུ་ནན་ཏན་སྙིང་པོར་བགྱིད་ན་རྗེས་སུ་ཡི་རང་ངོ༌། །བླ་མ་བརྒྱུད་པ་དང་བཅས་པ་རྣམས་ཀྱིས་ཐུགས་ཀྱིས་འཛིན་ཅིང་བྱིན་གྱིས་བརླབ་བོ། །ང་ཡང་སྒྱུ་ལུས་འདི་ནང་ཇི་ཙམ་སྡོད་མི་ཤེས་སོ་གསུངས་སོ། །དེ་ལྟ་བུའི་བཀའ་མཆིད་ལྷུག་པར་སྩོལ་བའི་མོད་ལ། དགའ་སྐྱོ་འདྲེས་མ་བརྗོད་མི་ཤེས་པའི་ངང་ནས་ཐལ་མོ་ཡང་ཡང་སྦྱར་ཏེ་ཅུང་ཞིག་འཁོད་པར་གྱུར་ཅིང༌། སྐབས་ཤིག་ན་དབུགས་དབྱུང་སྟེ་འདི་སྐད་ཅེས་གསོལ་ཏོ། །རྡོ་རྗེའི་གསུང་གིས་གནང་བ་དེ་ལྟ་བུ་ཐོབ་ཕྱིན་ཆད། བག་མེད་ཀྱི་དབང་དུ་མི་བཏང་ཞིང༌། རང་གི་ཤེས་རིག་འབྱོར་ཚོགས་གང་ཡོད་རྩལ་སྦྲུགས་སུ་བགྱིད་དོ། །ཅེས་ཞུས་པས་ཡང་འདི་ལྟར་གདམས་པར་མཛད་དེ། རྗེ་བླ་མ་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞབས་པད་དུ་ཉེ་བར་བསྙེན་ན་ལེགས་ཚོགས་ཐམས་ཅད་གོང་འཕེལ་དུ་འགྱུར་བས། དེ་ལྟར་ཐུགས་ལ་འཇོག་པ་གལ་ཆེའོ། །ཞེས་གསུངས་པའི་མོད་ལ། དགའ་བདེ་མྱོང་དུ་ཡོད་ལ་སྨྲ་རུ་མི་གཏུབ་པའི་ངང་ལ་འབྱམས་ཤིང༌། དེ་བཞིན་དུ་བསྒྲུབ་བོ། །དེ་བཞིན་དུ་བགྱིད་དོ་ཅེས་ཞུས་ཤིང༌། གཞན་ཡང་བསླབ་བྱ་ཞལ་གདམས་སྙིང་གི་བདུད་རྩི་ལྟ་བུ་མང་པོ་ལྷུག་ལྷུག་གནང་ཞིང་ཐུགས་སྲས་ཀྱི་དྭང་མར་བཟུང་སྟེ་གསང་ཆེན་རྒྱུད་སྡེ་རབ་འབྱམས་ཀྱི་སྨིན་གྲོལ་རྒྱ་མཚོ་དུས་ཀྱི་མཐར་ཡང་མི་ཉམས་པའི་སྲོག་རྩ་མཐུད་ནུས་པའི་བཀའ་ཡི་བསྡུ་བ་པོ་དབང་བསྐུར་ཤིང༌། གསུང་གི་གསང་བ་རྣམ་པ་ཐམས་ཅད་པས་མངའ་གསོལ་བ་དང༌། ཐུགས་ཡིད་གཅིག་ཏུ་འདྲེས་པའི་བྱིན་རླབས་ཀྱི་ནུས་པས་གཟེངས་བསྟོད་པས།