[A:༢༧༡]གྱི་གསང་གསུམ་བྱིན་རླབས་རབ་དཀར་མེ་ཏོག་རྣམ་པར་བཀོད་པས་ཐོག་མར་དགེ་བའི་ལམ་ཡངས་པར་ཕྱེས་སོ། །དེ་ནས་བཟུང་སྟེ་བརྩེ་ཆེན་གདུང་སྐྱོབ་དཀར་པོའི་གྲིབ་མ་སྣུམ་པོ་ལ་གཅིག་ཏུ་ངལ་གསོས་ཤིང༌། བསྡུ་བཞི་ལེགས་བྲིས་ཞལ་ཟས་རོ་བརྒྱ་པ་ལ་ངོམ་པ་མེད་པར་ལོངས་སྤྱོད་བཞིན་པ། བདག་ལྟ་བུའི་སྐལ་པ་བཟང་པོ་སྙམ་པས་ཐ་མའི་མཛད་པ་མ་བསྟན་གྱི་བར་དུ་གནས་པ་ཡིན་ཅེས་ཡང་ཡང་གསུངས་ཤིང་ཕྱིས་སུའང་སྤྱན་ཆབ་བསིལ་བར་མཛད། ཟ་ཉལ་མ་གཏོགས་དྲན་རྒྱུ་མེད་པ་བདག་འདྲ་ལ་ཁྱེད་རང་རྣམས་ཞག་རེ་ཟུང་ཆོས་ལ་སྒུག་ལོང་མེད་པ་འདི་འདྲ་ཅིས་དེད་པ་རེད། ངས་ནི་མི་ལོ་བཅུ་བཞིའི་བར་དུ་ཆོས་ལ་སྒུག་སྡོད་བགྱིས་པ་ཡིན་ཅེས་བསྟན་པ་ཁོ་ནར་ཐུགས་དབུས་སུ་བཅངས་པའི་གསུང་མཆིད་མང་པོ་ལྷུག་ལྷུག་གནང་བས། དེ་དུས་ནི་རྣ་བར་སུན་སྣང་ཤར་ནའང༌། ཕྱིས་བསམ་ཚེ་མཆོག་གི་རྣམ་ཐར་ལ་ངོ་མཚར་བའི་མཆི་མ་ལྷུང་བ་དང༌། རང་གིས་རང་ལ་ངོ་ཚ་བ་དང་བག་ཞུམ་པ་ལྟར་གྱུར། ཡང་རིགས་ཀྱི་བདག་པོ་གང་དེའི་ཞལ་ནས། དེ་སྔར་གཞུང་ལུགས་མང་པོའི་དོན་ལ་བློ་གྲོས་ཀྱི་སྦྱན་རས་ཡངས་པ་ཤིན་ཏུ་ལེགས་ཤིང༌། ད་དུང་སྔར་མ་གསན་པ་གསན་པ་དང༌། གསན་པ་དག་ལ་ངེས་པ་གཏིང་ནས་རྙེད་པ་ཞིག་དགོས་སོ་ཞེས་དམ་པའི་ངང་ཚུལ་མ་སྦས་གསལ་བར་སྟོན་པ་དེ་ལྟ་ན། བསླབ་གསུམ་སྡེ་སྣོད་འཛིན་པའི་དགེ་བའི་བཤེས་གཉེན་ཀུན་གྱི་རྩེ་མོ། །བྱང་ཆུབ་ཀྱི་སེམས་གཉིས་དང་རང་རྒྱུད་མི་ཕྱེད་པ་འདྲེས་པའི་རྒྱལ་སྲས་ཕྱིར་མི་ལྡོག་པ་ཐུབ་བསྟན་ཆོས་ཀྱི་གྲགས་པ་