R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༧༢
[A:༢༧༢]ལ་བསྟེན་དང་ལེགས་སོ་ཞེས་དབུགས་དབྱུང་ཐོབ་པའི་མོད་ལ་འདུན་བའི་མི་བཟོད་པ་གཡོས་ཏེ་བསྟེན་པ་ཡིན་ཅེས་གསུངས་ཤིང༌། མགོན་དེའི་ཞལ་སྔ་ནས་དུས་སྔ་ཕྱི་ཀུན་ཏུ་འདུལ་བ་མདོ་རྩ་བ་དང༌། སོ་སོར་ཐར་པའི་མདོ་དང༌། མངོན་པ་ཀུན་ལས་བཏུས་དང༌། མངོན་པ་མཛོད་དང༌། དབུ་མ་རྩ་འཇུག་བཞི་གསུམ་དང༌། བྱམས་ཆོས་སྡེ་ལྔ་དང༌། སྤྱོད་པ་ལ་འཇུག་པ་བཅས་གཞུང་གི་སྐོར་གྱི་ཞལ་ཁྲིད་མཐའ་ཆོད་པ་དང༌། བཀའ་གདམས་ཕ་ཆོས་བུ་ཆོས། བེ་བུམ་སྔོན་པོ། དཔེ་ཆོས་རིན་ཆེན་སྤུངས་པ། བློ་སྦྱོང་སྙན་བརྒྱུད་ཆེན་མོ་དོན་བདུན་མ་སོགས་གདམས་ངག་གི་སྐོར་རྣམས་ཉམས་ཁྲིད་མཛད་ཅིང་ཐུགས་ཉམས་སུ་བཞེས་ཏེ། ཞལ་སློབ་ནང་མ་དག་ལའང༌། ཐུགས་བརྩེའི་སྙིང་གཏམ་གྱི་ཚུལ་དུ་འདི་ལྟར་གདམས། འོ་ཅག་སྙིང་ནས་དམ་ཆོས་བསྒྲུབ་པའི་གང་ཟག་ཞིག་ཡིན་ཕྱིན་ཆད་བློ་སྦྱོང་གི་གདམས་ངག་རྣམས་དང༌། བློ་ལྡོག་རྣམ་བ་བཞིས་སེམས་རྒྱུད་བརླན་པ་ཞིག་མ་བྱུང་ན། ཟབ་ཟབ་མང་པོས་གང་ཡང་མི་ཕྱིན་པས་འདི་ལ་ཅི་ནས་ཀྱང་བརྩོན་པར་བྱའོ། །ཆོས་དང་གང་ཟག་གཉིས་འདྲེས་དང་མ་འདྲེས་པའི་ཁྱད་དང༌། བཟང་ངན་གྱི་ཁྱད་རྣམས་འདིས་འབྱེད་པ་ཡིན་ནོ་གསུངས། སླར་ལྷུན་གྲུབ་སྟེང་དུ་མི་དབང་ཆེན་པོས་བསྐུལ་ཞིང༌། འཇམ་དབྱངས་བླ་མས་བཀའ་ཕེབས་ཏེ་གཞི་གསུམ་གྱི་སྒྲུབ་སྡེ་གསར་འཛུག་གི་ཆེད་དུ་བྱོན། སྔ་ཆོས་ལ་འདུལ་བ་མདོ་རྩ་བ་དང༌། ཕྱི་ཆོས་ལ་མངོན་རྟོགས་རྒྱན་གྱི་གསུང་བཤད་མཛད། དུས་སྐབས་གཞན་ཞིག་ཏུ་རྣམ་འདྲེན་བླ་མ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་གྲགས་པའང་ཕྱོགས་དེར་ཕེབས་པ་ལས། །