R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༧༦
[A:༢༧༦]སེང་གེའི་ནུ་མས་སྐྱུགས་པ་ཡི། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྙིང་པོ་ནི། །ཐེག་པ་གཅིག་གིས་འབྲས་བུའི་བཅུད་དུ་སྨིན། །བློ་མཆོག་གསེར་གྱི་བུམ་བཟང་ལེགས་ཐོགས་པའི། །འཕགས་ཡུལ་པཎ་གྲུབ་རྒྱ་མཚོས་ཡོངས་སུ་བཟུང༌། །གངས་ལྗོངས་བསྟན་འགྲོའི་དཔལ་དུ་དར་བ་གང༌། །ད་ལྟ་ཁྱོད་ཀྱིས་སྐྱོང་བའི་དུས་ལ་བབས། །སྔོན་གྱི་ཐུགས་དམ་ཆེན་པོ་མ་བསྙེལ་ལམ། །འཇིག་རྟེན་གསུམ་གྱི་རིན་ཆེན་གཅིག་པུ་དེ། །ཕྱོགས་འདིར་ནུབ་པའི་དུས་ཤིག་འོང་ང་རེ། །མྱུར་དུ་སྐྱེས་བུ་ཆེན་པོའི་རྩལ་ཕྱུངས་ཤིག །ཅེས་གསུངས་ཤིང་གཞན་ཡང་འདི་ལྟར་བཀའ་སྩལ་ཏོ། །སྔོན་ཐར་རྩེ་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་སྨིན་གྲོལ་གྱི་བཀའ་མ་ནུབ་པ་རྣམས་ཕྱོགས་གཅིག་ཏུ་སྡུད་པའི་སླད་དུ་དཀར་ཆག་ནོར་བུ་ཕྲེང་མཛེས་ཞེས་བྱ་བ་ཞིག་བཀོད་ནས། དོན་གྱིས་དགོངས་པ་ཁྱེད་རང་ལ་གཏད་ཡོད་ཚོད་འདུག་པ། དེ་ཉིད་གཞིར་བཞག་མཛད་དེ་རྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲུབས་ཐབས་དབང་ཆོག་ཁྲིད་བཀའ་ཡན་ལག་དང་བཅས་པ། སོ་སོའི་བཀའ་བབས་བརྒྱུད་ལྡན་བླ་མ་རྣམས་ཀྱི་ཡིག་ཆ་ཁུངས་བཙུན་ལ་རྩ་བའི་སྲོག་ཏུ་བཟུང་ནས། འཐོར་པ་རྣམས་སྡུད། གབ་པ་རྣམས་ཕྱུང༌། འཁྲུགས་པ་རྣམས་བསྡེབས་པའི་བཀའ་བསྡུ་ཞིག་མ་གྲུབ་ཕྱིན། བློ་དང་བརྩོན་འགྲུས་ཇེ་ཞན་ལ་འགྲོ་སྐབས་མུན་ཁང་ལག་ཉུལ་བྱེད་པ་འདྲ་བ་ཞིག་འོང་སྲིད། ཕལ་ཆེར་མིང་གི་ལྷག་མ་ཙམ་འགྱུར་ངེས་པ་ལགས། སྔོན་གྱི་བླ་མ་གོང་མ་རྣམས་ཀྱི་གསན་