R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༧༨
[A:༢༧༨]པར་གསོལ་བ་འདེབས་སོ། །ཞེས་ཞུས་པས། ཡང་དགྱེས་འཛུམ་རྣམ་པར་གཡོ་བའི་ཞལ་ནས་འདི་ལྟར་གསུངས་སོ། །ཁོ་བོས་ཕྱོགས་མེད་ཀྱི་རྒྱལ་ཁམས་རྣམས་སུ་ཉུལ་ནས་ཡོངས་འཛིན་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་བརྒྱ་ཕྲག་གཅིག་ལས་ལྷག་ཙམ་གྱི་ཞབས་པད་བསྟེན་ནས་འཕགས་བོད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་བཀའ་སྲོལ་དྲི་མ་མེད་པ་ལས་བྱུང་བའི་སྨིན་གྲོལ་མན་ངག་གི་ཆུ་རྒྱུན་མ་ཉམས་པ་མཐའ་དག་ཐུགས་མཚོར་བསྐྱིལ་བའི་སྐལ་བཟང་ཐོབ་ཟིན་ནའང༌། སྤྱིར་བགྲང་གཞི་མཐོ། བྱེ་བྲག་འབྱུང་འཁྲུགས་ཀྱིས་གཙེས་པས་ཡོངས་སུ་རྫོགས་པ་འབུལ་བ་ལ་ཡུན་རིང་དུ་ཐོགས་པས། ཁོ་བོས་ཅི་ནུས་གང་ལྕོགས་སུ་ཕུལ་ནས། མཚུངས་མེད་ཆོས་ཀྱི་ཤིང་རྟ་ཆེན་པོ་འཇམ་མགོན་བློ་གྲོས་མཐའ་ཡས་ལ་སོགས་པ་ལའང་ཞུས་ན་མཐར་ཕྱིན་ལེགས་པོ་འོང་འགྲོ་བས་དེ་ལྟར་ཐུགས་དབུས་སུ་བཅང་བ་ཞུ་གསུངས་ཤིང༌། དེ་ནས་ཡུན་མི་རིང་བ་རྫོགས་ལྡན་གསར་པའི་དགའ་སྟོན་སྙིགས་དུས་སུ་མྱོང་བ་ལྟ་བུའི་དུས་སྐབས་ཕུན་སུམ་ཚོགས་པ་ཞིག་ལ། རྗེ་བླ་མ་མཁྱེན་བརྩེའི་དབང་པོ་དེ་ཉིད་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་གཅིག་ཉིད་དུ་མའི་རྣམ་འགྱུར་རྩེ་བཞིན་དུ། སྡོམ་བརྩོན་རིག་པ་འཛིན་པ་གསེར་གྱི་ཕྲེང་བ་ཚར་དུ་དངར་བ་ལྟ་བུ་དང་ལྷན་ཅིག་ཟབ་གསང་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་ཞིག་བསྐོར་ནས། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་དབང་གི་མངོན་པར་རྟོགས་པ་ཡོངས་སུ་རྫོགས་པ་བཅུ་ཕྲག་བདུན་ལས་ལྷག་ཙམ་ཞིག་སྩལ་བར་མཛད་དོ། །དེ་ལས་བཅུ་ཕྲག་བཞི་ལྷག་ཙམ་ནི་ཆབས་གཅིག་ཏུ་གནང་བ་དང༌།